དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལོའུ་ཁྲིན་མེན་གྱིས་བྲག་འགོ་དགོན་པའི་འགྲེལ་སྒྲོག་ཚོགས་འདུའི་ཐོག་ཏུ་ཞིང་ཨུའི་བོད་ཁུལ་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་དང་། འབད་བརྩོན་ཧུར་བསྐྱེད་སྒོས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་མཐུན་པོར་ཡོང་དགོས་པ་ནན་གྱིས་བསྟན།
སྤྱི་ཟླ་10བའི་ཚེས་28ནས་29ཉིན། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལོའུ་ཁྲིན་མེན་གྱིས་བྲག་འགོ་རྫོང་བྲག་འགོ་དགོན་པའི་དགེ་འདུན་པ་རྣམས་ལ་ཞིང་ཨུའི་བོད་རིགས་ས་ཁུལ་གྱི་ལས་དོན་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་བྱས།
དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ཡོན་གྱི་ཧྲུའུ་ཅི་བྱང་ཆུབ་ཀྱིས་སྒྲོག་འགྲེལ་ཚོགས་འདུ་འགོ་འཛིན་གནང་བ་དང་། དཀར་མཛེས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཏོན་ནེ་ཁེ་ཚོགས་འདུར་ཞུགས།
ལོའུ་ཁྲིན་མེན་གྱིས་བཤད་རྒྱུར། ཉེ་བའི་ལོ་འདི་དག་གི་རིང་ལ། འདིར་བཞུགས་པའི་བླ་སྤྲུལ་སྐྱེས་ཆེན་ཡོངས་ཀྱིས་དམ་ཆོས་རྒྱུད་འཛིན་དར་སྤེལ་དང་། བླ་ན་མེད་པའི་སངས་རྒྱས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཆམ་མཐུན་ཡོང་བར་སྣེ་ཁྲིད་བྱས་པ། རྒྱ་ཆེའི་གྲྭ་བཙུན་མཐུན་སྒྲིལ་དང་མཛུབ་སྟོན་སྒོས་ཏང་ཨུ་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་ཞེ་མཐུན་མཉམ་སྐྱོད་བྱས་ནས། ས་གནས་ཀྱི་འཕེལ་རྒྱས་དང་བརྟན་འཇགས། དམངས་འཚོ་སོགས་ཀྱི་བྱ་གཞག་སྣ་མང་གི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། ཚང་མས་ཞིང་ཨུའི་བོད་ཁུལ་ལས་དོན་ཚོགས་འདུ་དང་ལྷག་པར་དུ་ཞིང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གི་གལ་ཆེའི་གཏམ་བཤད་ཀྱི་དགོངས་དོན་ཟབ་མོར་རྒྱུས་ལོན་བྱ་བའི་རེ་བ་ཡོད། ཏང་ཨུ་སྲིད་གཞུང་གིས་རྒྱ་ཆེ་བའི་དགོན་སྡེའི་གྲྭ་བཙུན་གྱི་འབྲེལ་གཏུག་བྱེད་པའི་ཟམ་པ་བྱས་པ་དང་། སྣེ་ཁྲིད་བྱས་ནས་རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་ཤེས་ཁྲིམས་སྲུང་། ཏང་ཨུ་སྲིད་གཞུང་གི་ལས་དོན་ལ་བསྟུན་པའི་མིག་དཔེ་བཟང་བོ་བྱས་ནས། ཐུན་མོང་གིས་དགོན་སྡེ་འཛུགས་སྐྲུན་བཟང་བ་དང་དགེ་འདུན་པའི་འཚོ་བ་ཡར་རྒྱས། བོད་བརྒྱུད་ནང་བསྟན་རྒྱུད་འཛིན་དང་དར་སྤེལ། དོ་དམ་དང་ཞབས་ཞུའི་རྣམ་འགྱུར་ཇེ་ལེགས། འཆམ་མཐུན་བརྟན་ལྷིང་ཇེ་བཟང་བཅས་པའི་བཟང་བོ་ལྔ་ལྡན་གྱི་དམིགས་ཚད་མངོན་འགྱུར་བྱ་དགོས་པ་དང་། ཏང་ཨུ་སྲིད་གཞུང་དང་གྲྭ་བཙུན། དད་ལྡན་མང་ཚོགས་གསུམ་གྱི་འདོད་ཐོག་ཏུ་ཡོང་བར་བྱ་དགོས།
ལོའུ་ཁྲིན་མེན་གྱིས་གཏིང་ཟབ་སྒོས་ཞིང་ཆེན་ཏང་ཨུས་སི་ཁྲོན་བོད་རིགས་ས་ཁུལ་གྱི་འཐབ་ཇུས་གོ་གནས་དང་གནས་བབ་ལ་བརྡར་ཤ་གཅོད་པར་ངེས་ཤེས་བགྱིས་པ་དང་། ཞིང་ཨུས་བོད་རིགས་ས་ཁུལ་གྱི་ལས་དོན་སྐོར་གྱི་སྤྱི་ཡོངས་ཀྱི་རེ་བ་དང་སྤྱི་ཡོངས་ཀྱི་དམིགས་ཡུལ། གལ་ཆེའི་རྩ་དོན་དང་གལ་ཆེའི་བྱེད་ཐབས་དང་འབྲེལ་ཞིང་ཨུ་དང་ཧྲུའུ་ཅི་ཝང་ཏུང་མིང་གིས་དཀར་མཛེས་བོད་རིགས་ས་ཁུལ་ལ་ཐུགས་ཁུར་དང་གཟིགས་སྐྱོང་བླ་མེད་གནང་བར་ངེས་ཤེས་བགྱིས་པ་དང་། ཞིང་ཨུའི་ཧུར་ཐག་སྒོས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཆམ་མཐུན་ཡོང་བར་སྣེ་ཁྲིད་བྱེད་པའི་སྐོར་གྱི་བཀོད་སྒྲིག་རེ་བ་སོགས་ཕྱོགས་བདུན་གྱི་ཐད་ལ་ངོས་འཛིན་ཟབ་མོ་བྱེད་པ་སོགས་དྲིལ་སྒྲོག་དང་འགྲེལ་བཤད་ཞིབ་མོ་བྱས་སོང་།
ལོའུ་ཁྲིན་མེན་གྱིས་བསྟན་དོན། དུས་ཡུན་རིང་པོའི་ནང་། ཀྲུང་དབྱང་དང་ཞིང་ཨུས་དམངས་ཕན་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ་ལག་བསྟར་བྱས་ནས། དཀར་མཛེས་བོད་རིགས་ས་ཁུལ་གྱི་བྱ་གཞག་ཁག་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། རིམ་པ་ཁག་གི་ལས་བྱེད་པའི་བསམ་པའི་འདུ་ཤེས་ལ་འགྱུར་ལྡོག་མངོན་གསལ་བྱུང་བ་དང་། ཏང་དང་མང་ཚོགས། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་ལམ་དང་། དགོན་སྡེའི་དོ་དམ་རྣམ་པ་བཅས་ལ་མངོན་གསལ་དོད་པོའི་འགྱུར་ལྡོག་བྱུང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་དམངས་འཚོ་མུ་མཐུད་ལེགས་བཅོས། སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་ངང་ཇེ་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད། རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཁྱད་ལྡན་ཐོན་ལས་གསར་གཏོད། དམངས་འཚོ་འགན་ལེན། ཁྲིམས་ལྟར་ཁུལ་སྐྱོང་དང་ཏང་གི་འཛུགས་སྐྱོང་ལས་དོན་སོགས་ལ་མངོན་གསལ་དོད་པོའི་ཤུགས་སྣོན་བརྒྱབ་ཡོད། ཉེ་བའི་ལོ་ཤས་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མུ་མཐུད་དུ་མ་དངུལ་འབོར་ཆེན་བཏང་ནས་དགོན་སྡེའི་སྤྱི་གཞུང་གི་ཞབས་ཞུའི་ཆུ་ཚད་དང་གྲྭ་བཙུན་གྱི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱས་ཤིང་། གྲྭ་བཙུན་གྱི་སྤྱི་ཚོགས་འགན་སྲུང་མ་ལག་མུ་མཐུད་དུ་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད། རྗེས་ཕྱོགས་ཀྱི་ལས་ཀའི་ཁྲོད་དུ། ང་ཚོས་དགོན་སྡེའི་གྲྭ་བཙུན་གྱི་སྤྱི་གཞུང་གི་ཞབས་ཞུ་སྔར་བས་ཤུགས་ཆེ་རུ་གཏོང་བ་དང་། གོ་རིམ་ལྡན་པའི་སྒོ་ནས་དགོན་སྡེ་དང་གྲོང་གསེབ་ཀྱི་སྤྱི་གཞུང་གི་ཞབས་ཞུ་གཅིག་གྱུར་ཅན་ལ་སྐུལ་འདེད་བྱེད་པ་དང་། དགོན་སྡེའི་གྲྭ་བཙུན་དང་ས་གནས་དེ་གའི་མང་ཚོགས་ཀྱིས་འདྲ་མཉམ་གྱིས་སྤྱི་གཞུང་གི་ཞབས་ཞུ་དང་དམངས་ཕན་སྲིད་ཇུས་ལོངས་སྤྱོད་བྱས་པ་དང་རྒྱ་ཆེའི་གྲྭ་བཙུན་རྣམས་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་ཞུགས་རྒྱུ་ཁག་ཐེག་བྱས།
ལོའུ་ཁྲིན་མེན་གྱིས་བསྟན་དོན། དཀར་མཛེས་ཁུལ་གྱིས་མུ་མཐུད་དུ་གཞི་ཁྱོན་ཆེན་པོས་གཅིག་བསྡུས་ཀྱི་གསོ་སྦྱོང་སྤེལ་བ་དང་། གཞི་རྒྱ་ཆེན་པོས་སྲིད་ཇུས་ཁྲིམས་སྲོལ་སྒྲོག་འགྲེལ་སྤེལ་ཞིང་། གསར་གཏོད་རང་བཞིན་གྱི་སྒོ་ནས་ལྔ་གཉིས་གསུམ་བརྗོད་བྱ་གཙོ་བོ་བྱས་པའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་ཡིན། བླ་མ་སྐྱེས་ཆེན་དང་རྒྱ་ཆེའི་གྲྭ་བཙུན་རྣམ་པས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས། མུ་མཐུད་དུ་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བ། མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས། ཞེ་མཐུན་ཕྱོགས་མཚུངས་བྱས་པ། མུ་མཐུད་དུ་འདུལ་ཁྲིམས་ཚུལ་བཞིན་སྲུང་བ། འཆམ་མཐུན་མཉམ་སྐྲུན་བྱས་ནས། འབད་བརྩོན་གྱིས་ཆབ་སྲིད་ཐད་ནས་བློས་འཁེལ་ཐུབ་པ་དང་། ཤེས་ཡོན་ཐད་ནས་ཐུགས་དགོངས་ཟབ་ཅིང་རྒྱ་ཆེ་བ། ཀུན་སྤྱོད་ཐད་ནས་ཚང་མ་ཁས་ལེན་ཐུབ་པའི་ཆོས་སྒོའི་སྐྱེ་ཆེན་དམ་པ་བྱས་དགོས་ཤིང་། དཀར་མཛེས་བོད་རིགས་ས་ཁུལ་རྒྱལ་ཡོངས་ཞིང་ཆེན་ཡོངས་དང་མཉམ་དུ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་མངོན་འགྱུར་བྱ་ཆེད་དེ་ལས་ཀྱང་ཆེ་བའི་བྱས་རྗེས་གསར་བ་འཇོག་ཐུབ་པའི་རེ་བ་ཡོད།
དཀར་མཛེས་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་གཙོ་བོ། བྲག་འགོ་རྫོང་གི་འགན་འཁུར་བ་བཞི། རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་བྲག་འགོ་རྫོང་གི་དགོན་སྡེ་22ཀྱི་བླ་སྤྲུལ་སྐྱེས་ཆེན་དག་དྲིལ་བསྒྲགས་ཚོགས་འདུར་ཞུགས།