ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་གསལ། ཉེ་དུས། གསེར་ཁེ1000བཏང་བ་དང་སྒོར་ཁྲི་སྟོང་ཕྲག་རི་བའི་སྨི་བརྒྱའི་ཐང་ག་ཐེན་ཅིན་པིན་ཧའེ་ཁུལ་ལ་གསར་དུ་བཀྲམ་པ་རེད། ད་ཐེངས་བཀྲམ་པའི་སྨི་བརྒྱའི་ཐང་ག་ཆེ་གྲས《ཆོས་དབྱིངས་རིན་ཆེན་མཛོད》ལ་བྱུ་རུ་དང་། ཤ་རྭ། གཡུ་སོགས་ཞིབ་མོར་བཟོས་པའི་རྡོ་ཚོན་སྟོང་ཁེ30དང་གསེར་བཙོ་མ་ཁེ1000བཏང་ཡོད་ཅིང་། ལྷ་འབྲི་བ་དབུ་ཆེན་བཅུ་དྲུག་གིས་དུས་ཡུན་ལོ་བརྒྱད་སྤྱད་ནས་བཞེངས་པ་རེད། ནང་དོན་གཙོ་བོ་ཁག་ལྔ་རུ་ཕྱེ་བ་དང་བོད་བརྒྱུད་ནང་བསྟན་སུ་འཁོད་པའི་སའི་གོ་ལ་ཆགས་ཚུལ་དང་མིའི་རིགས་འབྱུང་སྟངས་དང་། སྟོན་པ་ཤཱཀྱ་མུ་ནེ་སངས་རྒྱས་ཚུལ། གངས་ལྗོངས་ས་མཐོར་ནང་ཆོས་དར་ཚུལ། སྤེལ་ཚུལ། མ་འོངས་བདེ་བ་ཅན་གྱི་ཞིང་ཁམས་སོགས་ཀྱི་རྣམ་པ་མངོན་ཡོད།
《ཆོས་དབྱིངས་རིན་ཆེན་མཛོད》ཀྱི་ལྷ་འབྲི་བ་སངས་རྒྱས་འབུམ་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ང་ཚོས2008ལོ་ནས་བཟུང་སྨི་བརྒྱའི་ཐང་ག་བཞེངས་འགོ་ཚུགས་པ་དང་དུས་ཡུན་ལོ་བརྒྱད་སྤྱད་ནས་ལེགས་སྒྲུབ་བྱས་པ་ཡིན། དེའི་རིང་ང་ཚོས་དགེ་ཕྲུག་མང་པོ་བསྡུས་པར་མ་ཟད། ཆེད་ལས་ལྷ་འབྲི་བ་དབུ་ཆེན་གདན་ཞུ་བྱས་ནས་དཀའ་ལས་མང་པོ་བརྒྱབ་རྗེས་གཞི་ནས་ལེགས་གྲུབ་ཐུབ་སོང་ཞེས་བཤད།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ཁོངས་སུ་གཏོགས་པའི་རེབ་གོང་ནི་ཐེན་ཅིན་གྲོང་ཁྱེར་པིན་ཧའེ་ཁུལ་གསར་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཞིག་རེད། འདས་ཟིན་པའི་ལོ་ལྔའི་རིང་པིན་ཧའེ་ཁུལ་གསར་གྱིས་མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་སྒོར་དུང་ཕྱུར2.96ཁ་གཏད་རོགས་སྐྱོར་བྱས་ནས་ལས་གཞི88ལག་ལེན་བསྟར་བ་རེད། པིན་ཧའེ་ཁུལ་གསར་གྱི་ཁ་གཏད་རོགས་སྐྱོར་ལས་དོན་གྱིས་མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས། དམངས་འཚོ་འགན་སྲུང་དང་ལེགས་གཏོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྲ་བརྟན་དང་འཕེལ་རྒྱས་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད།