ཞིན་ཧྭ་གསར་འགྱུང་ཁང་ནས་འབྱོར་བའི་གཏམ་གསར། རྒྱལ་ཁབ་སྤུས་ཚད་ཞིབ་དཔྱད་ཚད་ལེན་སྤྱི་ཁྱབ་ཅུས་དང་། རྒྱལ་ཁབ་དཔང་བདེན་ར་སྤྲོད་ལྟ་སྐུལ་ཨུ་ལྷན། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་སོགས་ལས་དོན་ཨུ་ལྷན32ཀྱིས་ཉེ་དུས་མཉམ་དུ《དཔང་བདེན་ར་སྤྲོད་དང་ཁས་ལེན། ཞིབ་དཔྱད་ཚད་ལེན་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ》ཁྱབ་བསྒྲགས་བྱས་ཏེ། དཔང་བདེན་ར་སྤྲོད་དང་ཁས་ལེན་པའི་སྟོབས་ལྡན་རྒྱལ་ཁབ་འཛུགས་རྒྱུའི་ཐབས་ཇུས་དམིགས་འབེབས་གསལ་པོ་བཏོན་ཡོད་ཅིང་། ཚན་རིག་དང་མཐུན་པའི་སྒོ་ནས་དཔང་བདེན་ར་སྤྲོད་དང་ཁས་ལེན་པའི་སྟོབས་ལྡན་རྒྱལ་ཁབ་ཀྱི་དམིགས་ཚད་མ་ལག་ཇུས་འགོད་བྱས་ཡོད།
ཞབས་འདེགས་ཞུ་ནུས་དང་། གསར་སྐྲུན་བྱེད་ནུས། ལས་རིགས་བདག་སྐྱོང་། ཐོན་ལས་འཕེལ་རྒྱས། རྒྱལ་ཕྱིའི་མཉམ་ལས། རྨང་གཞི་ལས་ཀ་བཅས་ལ་དམིགས་ཏེ་འཆར་གཞི་ཡིས་ཕྱོགས་དྲུག་ཐད་ཀྱི་འཕེལ་རྒྱས་གཏོང་བའི་དམིགས་འབེབས་དང་འཕེལ་རྒྱས་གཏོང་བའི་ཚད་གཞི10བཏོན་ཡོད། དེའི་ནང་ཞིབ་དཔྱད་དང་ཞིབ་དཔྱད་ཚད་ལེན། དཔང་བདེན་ར་སྤྲོད། ཞབས་འདེགས་ལས་རིགས་བཅས་ཀྱི་བདག་གཉེར་བྱེད་པའི་སྤྱིའི་ཡོང་འབབ་སྔོན་རྩིས་བྱས་ན་བརྒྱ་ཆ9.2ཡི་འཕར་ཚད་སྲུང་འཛིན་བྱས་ཏེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་མཇུག་ཏུ་སྒོར་དུང་ཕྱུར3000ལ་བསླེབས་ཏེ་དུས་མཉམ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་འཕར་ཚད་ལས་མཐོ་རུ་ཕྱིན་ཐུབ་རྒྱུ་རེད། དཔང་བདེན་ར་སྤྲོད་དང་ཁས་ལེན། ཞིབ་དཔྱད་ཚད་ལེན་གྱི་དཔང་ཡིག་གྲངས་ཚད་དང་། ལག་རྩལ་གསར་སྐྲུན། རྒྱལ་ཕྱིའི་དཔང་བདེན་ཕན་ཚུན་ར་སྤྲོད་སོགས་ཀྱི་གནད་འགག་གི་དམིགས་ཚད་བཅས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་འཕར་སྣོན་མགྱོགས་ཙམ་ཡོང་བར་སྲུང་འཛིན་བྱ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། འཆར་འགོད་བརྩམས་པར་དུས་ཡུན་ལོ་གཉིས་སྤྱད་ཡོད་པ་དང་། སྔོན་རྗེས་སུ་ལས་གཞི་འཛུགས་པའི་གྲ་སྒྲིག་དང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པར་ལག་བསྟར་བྱས་ཚུལ་ལ་གདེང་འཇོག འཆར་འགོད་མ་བྱེད་སྔོན་གྱི་གལ་ཆེན་གྱི་གནད་དོན་ཞིབ་འཇུག འཆར་འགོད་སྒྲོམ་གཞིའི་དཔང་བདེན་ར་སྤྲོད། སྡེབ་སྒྲིག་བཟོ་འགོད་དང་འཆར་ཟིན་འགོད་པ། བསམ་འཆར་བསྡུ་ལེན་སོགས་གནད་འགག་ཐུག་ས་མང་པོ་བརྒྱུད་ཡོད།