མགོ་ལོག་ཁུལ་གྱི་ལུས་རྩལ་པར་ཉིས་སྟོང་བཅོ་ལྔ་ལོའི་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་སློབ་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་སྟེང་གྲུབ་འབྲས་བཟང་བོ་ཐོབ།

ལྷ་མོ་ཚེ་རིང་།    མཚོ་སྔོན་གསར་འགྱུར་དྲ་བ།    2015-09-02

ཉིས་སྟོང་བཅོ་ལྔ་ལོའི་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སློབ་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་དང་ན་གཞོན་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་སྡུར་དེ་སྟོད་པ་མཐོ་སྒང་སྦྱོང་བརྡར་རྟེན་གཞི་ནས་བདེ་ལེགས་ངང་མཇུག་སྒྲིལ།

མགོ་ལོག་ཁུལ་གྱིས་ལུས་རྩལ་མི་སྣ་སོ་བཞི་གདམ་གསེས་རྩ་འཛུགས་བྱས་ནས་མགོ་ལོག་བོད་ཁུལ་གྱི་གྲངས་ཉུང་མི་རིགས་སློབ་འབྲིང་སློབ་མའི་ཚབ་བྱས་ཏེ་ཐེངས་འདིའི་འགྲན་སྡུར་ལ་ཞུགས་པ་དང་ཉིན་བདུན་རིང་གི་འགྲན་སྡུར་ཁྲོད། མཆོང་རྒྱུག་འཕེན་གསུམ་དང་རྐང་རྩེད་སྤོ་ལོ། ཐག་འཐེན། གཟུགས་གཞི་བདེ་འཇུག་ལུས་རྩལ། རི་འགོས་སོགས་འགྲན་སྡུར་གྱི་རྣམ་གྲངས་ཆེན་པོ་ལྔའི་ཁྲོད་དུ་ཞུགས། ལུས་རྩལ་ཐང་ནས་ལུས་རྩལ་པ་རྣམས་ཀྱི་སྙིང་རུས་ཆེན་པོའི་འབད་བརྩོན་བརྒྱུད་ནས་ཐུན་མོང་ལུས་རྩལ་ཀུན་སྤྱོད་དར་སྲོལ་གྱི་བྱ་དགའ་ཐོབ་པ་དང་མཆོང་རྒྱུགས་འཕེན་གསུམ་གྱི་རྣམ་གྲངས་ཁྲོད་སྤྱི་རྒྱ་དྲུག་ཅུའི་ཨང་གསུམ་པ་དང་སྤྱི་རྒྱ་རེ་ལྔའི་ཨང་གཉིས་པ། སྐྱེས་པའི་ཚན་ཆུང་ཁ་བའི་རྨིད་ཉིས་བརྒྱའི་ཨང་ལྔ་པ། སྐྱེས་མའི་ཚན་ཆུང་ཁ་བའི་རྨིད་སྟོང་གསུམ་གྱི་ཨང་བཞི་པ། སྐྱེས་པའི་རྨིད་སྟོང་ལྔའི་ཨང་བདུན་པ་དང་བརྒྱད་པ་བཅས་མི་སྒེར་གྱི་བྱ་དགའི་རྣམ་གྲངས་དྲུག་ཐོབ་ལ། རི་འགོས་རྣམ་གྲངས་ཁྲོད་ཚོགས་པའི་ཨང་ལྔ་པའི་བྱ་དགའ་དང་གྲངས་ཉུང་མི་རིགས་ལུས་རྩལ་ལུས་སྦྱོང་འགྲེམ་སྟོན་ཁྲོད་ཨང་གསུམ་པ་དང་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ།

གཟི་བརྗིད་མཚན་སྙན་འདི་དག་ཐོབ་པ་ལས་མགོ་ལོག་ཁུལ་ན་གཞོན་ལུས་རྩལ་བྱ་བའི་འཕེལ་རྒྱས་མངོན་པ་མ་ཟད། ད་རུང་གྲངས་ཉུང་མི་རིགས་སློབ་འབྲིང་སློབ་མའི་ལུས་རྩལ་སྤུས་ཚད་དང་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པའི་སྙིང་སྟོབས་མངོན་ལ། སློབ་འབྲིང་སློབ་མ་ལུས་རྩལ་སྦྱོང་བརྡར་ཁྲོད་ཞུགས་པའི་འདུ་ཤེས་མཐོར་འདེགས་དང་ལུས་པོའི་སྦྱོང་བརྡར་ལ་ཤུགས་སྣོན་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་པ་དང་གོམ་གང་མདུན་སྤོས་ཀྱིས་ན་གཞོན་དང་སློབ་གྲྭའི་ལུས་རྩལ་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས།

  • ལེ་ཚན་སྔོན་མ།:2015ལོའི་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་དང་སྲུང་སྐྱོབ་ཐད་ཀྱི་ཟབ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྒྲུབས།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་པེ་ཅིན་ནས་བསྡུས་པའི་ཀྲུང་གོ་དང་ཨུ་རུ་སིའི་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་སློབ་གཙོའི་གླེང་སྟེགས་སྐབས་གཉིས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
  • དོ་སྣང་ཆེ་བའི་རྩོམ།