ཞི་ཅིན་ཕེན་གྱིས་ཐེན་ཅིན་པེན་ཧེ་ས་ཁུལ་གསར་བའི་རོས་ཧེ་ཀུང་ཟིའི་ཉེན་རྫས་མཛོད་ཁང་འགས་གཏོར་བྱུང་བའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་།
མཚོ་སྔོན་བོད་སྐད་རྒྱང་སྒྲོག 2015-08-14
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་གྱི་དུས་ཚོད་ཉེར་གསུམ་དང་སྐར་མ་སུམ་ཅུའི་སྟེང་། ཐེན་ཅིན་པེན་ཧེ་ས་ཁུལ་གསར་བའི་རོས་ཧེ་ཀུང་ཟིའི་ཉེན་རྫས་མཛོད་ཁང་འགས་གཏོར་བྱུང་། སྡོམ་རྩིས་རགས་ཙམ་བྱས་པ་ལྟར་ན། ཐེངས་འདིའི་དོན་རྐྱེན་ཁྲོད་དུ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་བཞི་བརྒྱ་ལྷག་རྨས།
དོན་རྐྱེན་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མྱུར་དུ་མཛུབ་སྟོན་གལ་ཆེན་གནང་སྟེ། ཐེན་ཅིན་གྲོང་ཁྱེར་གྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྨས་མ་མྱུར་སྐྱོབ་བྱེད་པ་དང་གར་སོང་མི་ཤེས་པའི་མི་སྣ་འཚོལ་ཞིབ་བྱེད་དགོས། འགས་གཏོར་གནོད་འཚེ་མྱུར་དུ་ཚོད་འཛིན་དང་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་རྩད་གཅོད་ཞིབ་མོ་བྱེད་པ་དང་། དོན་རྐྱེན་བྱུང་བའི་འགན་འཁུར་པར་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱེད་དགོས། འདས་པོའི་ཁྱིམ་མི་དང་རྨས་མ་བཀོད་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ་དང་། སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་དང་སྤྱི་ཚོགས་རྣམ་པ་བརྟན་འཇགས་སུ་གཏོང་དགོས། ཚན་རིག་དང་མཐུན་པར་རྨས་མ་མྱུར་སྐྱོབ་བྱེད་པར་ཡིད་འཇོག་བྱེད་པ་དང་རྒུད་སྐྱོབ་མི་སྣའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མྱུར་དུ་ཡུལ་དངོས་ལ་བྱ་བའི་ཚན་ཁག་མངགས་ཏེ་རྒུད་སྐྱོབ་དང་དོན་རྐྱེན་ཐག་གཅོད་པར་མཛུབ་སྟོན་བྱེད་དགོས་པ་དང་། ས་གནས་སོ་སོས་ཐེངས་འདིའི་དོན་རྐྱེན་བྱུང་བའི་བསླབ་བྱ་དང་ལེན་བྱས་ཏེ། མི་དམངས་ཀྱི་ཁེ་ཕན་ཀུན་ལས་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། བདེ་འཇགས་ཉེན་ཁར་ནན་ཏན་སྒོས་ཞིབ་བཤེར་དང་ཉེན་རྫས་དོ་དམ་བྱ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས་ལ། བདེ་འཇགས་ཐོན་སྐྱེད་བྱ་བ་བཟང་བོར་བསྒྲུབ་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་ཐུགས་རེ་བཏོན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མྱུར་དུ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ། སྟོབས་ཤུགས་ཡོད་རྒུས་མི་སྣ་རྩ་འཛུགས་བྱས་ཏེ་འགས་གཏོར་མེ་རོ་གསོད་དགོས་པ་དང་། ཡུལ་དངོས་ཀྱི་འཚོལ་ཞིབ་བྱ་བ་དམ་འཛིན་དང་ཚན་རིག་དང་མཐུན་པར་འཚོལ་ཞིབ་བྱེད་པར་ཡིད་འཇོག་བྱས་ནས་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས། སྨན་བཅོས་མི་སྣ་མྱུར་དུ་རྩ་འཛུགས་བྱས་ཏེ་རྨས་མ་མྱུར་སྐྱོབ་བྱེད་པ་དང་ཚད་མཐོན་པོའི་སྒོ་ནས་མི་སྣ་ཤི་རྨས་ཀྱི་གྲངས་ཀ་ཇེ་ཉུང་དུ་གཏོང་དགོས། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་རྩད་གཅོད་ཞིབ་མོ་བྱས་ནས་དུས་ཐོག་ཏུ་སྤྱི་ཚོགས་ཡོངས་ལ་གནས་ཚུལ་ཁྱབ་སྒྲོག་བྱེད་དགོས། དེ་དང་མཉམ་དུ་ས་གནས་སོ་སོས་འགན་འཁྲིའི་ནུས་པ་ཇེ་ཆེར་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་སྣ་ཚོགས་ས་ཆ་ཀུན་ཏུ་དངོས་འབེབས་བཟང་བོ་བྱེད་དགོས་པའི་ཐུགས་རེ་བཏོན། །
ཞི་ཅིན་ཕེན་དང་ལིས་ཁི་ཆང་རྣམ་གཉིས་ཀྱི་མཛུབ་སྟོན་ལྟར། རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་གོ་ཧྲིན་ཁུན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཁག་ཁྲིད་དེ་ཡུལ་དངོས་ལ་སོང་ནས་རྒུད་སྐྱོབ་བྱ་བ་དང་འཕྲལ་སྒྲུབ་ཐག་གཅོད་བྱ་བར་མཛུབ་སྟོན་བྱས། ཐེན་ཅིན་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་པ་གཙོ་བོ་དོན་རྐྱེན་བྱུང་ཡུལ་དུ་སོང་ནས་རྒུད་སྐྱོབ་དང་མྱུར་སྐྱོབ་བྱ་བ་སྒྲུབ་བཞིན་ཡོད། མིག་སྔར། དོན་རྐྱེན་བྱུང་ཡུལ་གྱི་རྒུད་སྐྱོབ་དང་མྱུར་སྐྱོབ། རྒྱུ་རྐྱེན་རྩད་གཅོད་སོགས་ཀྱི་བྱ་བ་བྲེལ་མྱུར་སྒོས་སྒྲུབ་བཞིན་པའི་སྒང་ཡིན།