འཇར་པན་གྱིས་ལོ་བཞིའི་རྗེས་སུ་ཉིང་རྡུལ་གློག་འདོན་ས་ཚིགས་ཡང་བསྐྱར་བཀོལ།
མཚོ་སྔོན་བོད་སྐད་རྒྱང་སྒྲོག 2015-08-14
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་ཅིག་ཀྲིག་གློག་ཤུགས་ཀུང་ཟིས་ཚེས་བཅུ་གཅིག་ཉིན་བསྒྲགས་རྒྱུར། ལུའུ་ཨར་ཏའོ་རྫོང་གི་སཱ་མོ་ཀྲོན་ནེ་གྲོང་ཁྱེར་དུ་ཡོད་པའོ་ཁྲོན་ནེ་ཉིང་རྡུལ་གློག་འདོན་ས་ཚིགས་ཀྱི་འཕྲུལ་ཚན་དང་བོ་ས་དེའི་ཚེས་བཅུ་གཅིག་ཉིན་གྱི་དུས་ཚོད་བཅུ་དང་ཕྱེད་ཀའི་སྟེང་ཡང་བསྐྱར་བཀོལ་བ་དང་། ཟླ་འདིའི་ཚེས་བཅུ་བཞི་ཉིན་ནས་བཟུང་གློག་འདོན་པ་དང་གློག་སྐྱེལ་མགོ་རྩོམ་རྒྱུ་ཡིན་ཟེར།
འདི་ནི་ལོ་བཞིའི་རིང་ལ་ཉིང་རྡུལ་གློག་འདོན་མཚམས་བཞག་རྗེས། འཇར་པན་གྱིས་ཐོག་དང་བོར་ཡང་བསྐྱར་ཉིང་རྡུལ་གློག་འདོན་འཕྲུལ་ཆས་བཀོལ་སྤྱོད་བྱས་པ་རེད། ཉིས་སྟོང་བཅུ་གཅིག་ལོའི་ཟླ་གསུམ་པར་ཧྥུའུ་ཏའོ་ཉིང་རྡུལ་གློག་འདོན་ས་ཚིགས་ལ་དོན་རྐྱེན་བྱུང་རྗེས། འཇར་པན་གྱི་ཉིང་རྡུལ་གློག་འདོན་ས་ཚིགས་ལ་དུས་གཏན་ཁེལ་གྱིས་ཞིབ་བཤེར་བྱེད་དགོས་པ་སོགས་ཀྱི་དབང་གིས་བསྟུད་མར་བཀོལ་སྤྱོད་བྱེད་མཚམས་བཞག་པ་དང་། ཉིས་སྟོང་བཅུ་གཉིས་ལོའི་ཟླ་ལྔ་བར། ཉིང་རྡུལ་གློག་ཡོངས་སུ་འདོན་མཚམས་བཞག
ཉིང་རྡུལ་གློག་འདོན་ས་ཚིགས་ཡང་བསྐྱར་བཀོལ་བའི་ཐད་ནས། འཇར་པན་མང་ཚོགས་ཀྱིས་ས་ཆ་མང་བོ་ནས་འདུ་ཚོགས་བསྡུས་ཏེ་དེར་ངོ་རྒོལ་བྱས། འཇར་པན་གྱི་གསར་འགྱུར་ལས་ཁུངས་མང་བོས་ཀྱང་ལས་ཁུངས་ལ་འཕྲོ་འགྱེད་རང་བཞིན་མཐོ་བའི་ཉིང་རྡུལ་གད་སྙིགས་གང་དུ་ལྡུགས་རྒྱུ་ཡིན་ཞེས་ཚ་འདྲི་བྱས། ཁྲོན་ནེ་ཉིང་རྡུལ་གློག་འདོན་ས་ཚིགས་ནི་འཇར་པན་གྱི་ལྷོ་ནུབ་ཕྱོགས་སུ་ཡོད་པ་དང་། རྒྱལ་ས་ཏུང་ཅིན་དང་བར་ཐག་སྤྱི་ལེ་སྟོང་གཅིག་ཙམ་ཡོད།
ཉིས་སྟོང་བཅུ་གཅིག་ལོའི་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན། ཧྥུའུ་ཏའོ་ཉིང་རྡུལ་གློག་འདོན་ས་ཚིགས་དང་བོ་དེར་ས་འགུལ་ཆེན་པོ་དང་མཚོ་འཕྱུར་བའི་གཏོར་བརླགས་ཚབས་ཆེན་ཐེབས་པ་མ་ཟད། གཅིག་སྟོང་དགུ་གྱ་དྲུག་ལོའི་སུའུ་ལེན་གྱི་ཆེར་ནོ་པེ་ལེ་ཉིང་རྡུལ་གློག་འདོན་ས་ཚིགས་ཀྱི་དོན་རྐྱེན་རྗེས་ཀྱི་ཆེས་ཚབས་ཆེ་བའི་ཉིང་རྡུལ་འཕྲོ་འགྱེད་ཀྱི་དོན་རྐྱེན་བྱུང་། ཧྥུའུ་ཏའོ་ཉིང་རྡུལ་གློག་འདོན་ས་ཚིགས་ལ་དོན་རྐྱེན་བྱུང་རྗེས། འཇར་པན་གྱིས་རྒྱལ་ནང་གི་ཉིང་རྡུལ་གློག་འདོན་ས་ཚིགས་ཡོད་ཚད་གནས་སྐབས་སུ་བཀོལ་མཚམས་བཞག ད་ཐེངས་ཁྲོན་ནེ་ཉིང་རྡུལ་གློག་འདོན་ས་ཚིགས་ཡང་བསྐྱར་བཀོལ་བ་དེར་འཇར་པན་གྱི་མང་ཚོགས་མང་བོས་སེམས་ཁུར་བྱེད་བཞིན་ཡོད།
འཇར་པན་གྱི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲོན་ནེ་ཉིང་རྡུལ་གློག་འདོན་ས་ཚིགས་ཡང་བསྐྱར་བཀོལ་བའི་ཉིན་དེར། ངོ་རྒོལ་བ་བཅུ་ཕྲག་འགའ་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱི་གཞུང་སྒྲུབ་ཁང་གི་ཕྱི་རོལ་དུ་ཚོགས་ནས་དེར་ངོ་རྒོལ་བྱས་ཟེར།
ཧྲིན་ནའེ་ཁྲོན་རྫོང་གི་སྐྱེས་མ་ཐིན་ཐེན་སོས་པོ་ཡིས་བཤད་རྒྱུར། ཧྥུའུ་ཏའོ་ཉིང་རྡུལ་གློག་འདོན་ས་ཚིགས་དང་བོའི་དོན་རྐྱེན་ད་དུང་མཇུག་རྫོགས་མེད་ལ། གལ་ཏེ་དེ་ལྟ་བུའི་དོན་རྐྱེན་ཡང་བསྐྱར་བྱུང་ན་སུས་འགན་ཁུར་དགོས་ཟེར།
ཧྥུའུ་ཏའོ་དོན་རྐྱེན་ཁྲོད་གནོད་པ་ཐེབས་མཁན་ཏེ་ལོ་རེ་བདུན་ལ་བུད་པའི་རྒད་པོ་ཧྲི་ཚང་ཀྲང་ཞུང་གིས་བཤད་རྒྱུར། ཉིང་རྡུལ་གློག་འདོན་ས་ཚིགས་ཡང་བསྐྱར་བཀོལ་སྤྱོད་བྱས་པས། ང་ཁོ་ཚོས་དོན་ངོ་མས་ཧྥུའུ་ཏའོ་དོན་རྐྱེན་གྱི་ཚབས་ཆེན་རང་བཞིན་ལ་འདང་བརྒྱབ་ཡོད་མེད་དེར་དོགས་པ་ཟས་སོང་ཟེར།
ད་ལྟ་འཇར་པན་དུ་ཉིང་རྡུལ་གད་སྙིགས་ཏུན་ཁྲི་གཅིག་དང་སྟོང་བདུན་ཙམ་ས་ཆ་སོ་སོའི་གནས་སྐབས་གསོག་འཇོག་ས་དོང་རུ་བླུགས་ཡོད་ལ། ཉིང་རྡུལ་གློག་འདོན་ས་ཚིགས་ཡང་བསྐྱར་བཀོལ་ན་གད་སྙིགས་སྔར་ལས་མང་བོ་འབྱུང་སྲིད་པ་དང་། བཤད་ཚུལ་ལྟར་ན་གད་སྙིགས་གསོག་འཇོག་ས་དོང་ཁ་ཤས་ལ་ལོ་གསུམ་གྱི་རྗེས་སུ་གད་སྙིགས་ལྡུགས་ས་མེད་འགྲོ་ཟེར།
ཨན་པེ་སྲིད་གཞུང་གིས་ད་ལོའི་ཟླ་ལྔ་བར་འཆར་གཞི་ཞིག་བཀོད་དེ། ས་འོག་ཏུ་གད་སྙིགས་ལྡུགས་ས་ཆེན་པོ་ཞིག་ལས་ཏེ། ཉིང་རྡུལ་གད་སྙིགས་ལོ་འབུམ་གཅིག་ལྷག་གི་རིང་ལ་དེ་རུ་གསོག་འཇོག་བྱས་ཏེ་འཕྲོ་འགྱེད་ཀྱི་ཚད་ཇེ་ཆུང་དུ་བཏང་ནས་ཁོར་ཡུག་ལ་གནོད་པ་མེད་པར་བྱ་རྩིས་བྱས།
ཡིན་ནའང་གད་སྙིགས་ལྡུགས་ས་གདམ་པའི་དོན་དག་དེ་བདེ་བླག་ངང་བསྒྲུབས་མ་ཐུབ་པ་དང་། གྲོང་ཁྱེར་ཁ་ཤས་ཀྱི་དཔོན་རིགས་འབྲེལ་ཡོད་ཚོགས་འདུར་མ་ཞུགས། །