ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གིས་ཁྱབ་བསྒྲགས་བྱས་པའི《2014ལོའི་ཀྲུང་གོའི་མིའི་ཐོབ་ཐང་བྱ་གཞག་གི་གོང་འཕེལ》གྱི་དེབ་ཐེར་རྒྱབ་ཤ་དཀར་པོའི་ནང་བསྟན་དོན། 2014ལོར་རྒྱལ་ཁབ་ཀྱིས་མུ་མཐུད་ནས་དབང་པོ་སྐྱོན་ཅན་གྱི་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱ་རྒྱུའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་དང་། ལས་ཞུགས། སློབ་གསོ། སྤྱི་པའི་ཞབས་ཕྱི་སོགས་སྔར་ལས་ལྷག་པར་ཇེ་ཡག་ཏུ་ཕྱིན་ཡོད།
དེབ་ཐེར་རྒྱབ་ཤ་དཀར་པོའི་ནང་བསྟན་དོན། རྒྱལ་ཡོངས་སུ་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)19རུ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲད་རྒྱུའི་ཆེད་དོན་ལམ་ལུགས་བཙུགས་ཤིང་། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)15རུ་དབང་པོ་སྐྱོན་ཅན་ཚབས་ཆེན་ལ་ནད་གཡོག་རྒྱག་པའི་ཁ་གསབ་རོགས་དངུལ་སྤྲད་རྒྱུའི་ཆེད་དོན་ལམ་ལུགས་བཙུགས་ཡོད།
དེབ་ཤེར་རྒྱབ་ཤ་དཀར་པོའི་ནང་བསྟན་དོན། 2014ལོར་ཀྲུང་དབྱང་གི་ཆེད་དོན་རྒྱན་འཛིན་སྤྱི་ཕན་དངུལ་རྩ་ཡིས་མ་དངུལ་སྒོར་དུང་ཕྱུར10.63གཏོང་འཇོག་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ལུས་པོ་བདེ་ཐང་ལས་ཀར་ཆེད་དུ་སྤྱད་ཡོད། ལུས་གསོའི་གལ་ཆེན་གྱི་ལས་གྲྭ་ཚན་པ་གཅིག་ལག་ལེན་བསྟར་བར་བརྒྱུད། དབང་པོ་སྐྱོན་ཅན་ཁྲི751.5ལ་ཚད་མི་འདྲ་བའི་ལུས་གསོའི་ཞབས་ཕྱི་ཐོབ་པ་རེད།
དེབ་ཐེར་རྒྱབ་ཤ་དཀར་པོའི་ནང་བསྟན་དོན། 2014ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཀྱི་ཞབས་ཕྱི་སྒྲིག་ཆས་ཁྲི5ཐོགས་འགག་མེད་པར་བཙུགས་པ་དང་། རྒྱལ་ཡོངས་ཀྱི་སྤྱི་པའི་དཔེ་མཛོད་ཁང་དུ་ལོང་ཡིག་གི་དཔེ་ཆ་ཉར་ཚད་ཁྲི80ལས་བརྒལ་ཡོད་ཅིང་། ལོང་བའི་དཔེ་གཟིགས་ཁང་ཁྲི18ལྷག་ལ་ཟིན། རྒྱལ་ཁབ་ཀྱིས2014ལོའི་མཐོ་རྒྱུགས་སྤྲད་མཁན་ལོང་བར་ལོང་ཡིག་གི་རྒྱུགས་ཤོག་དང་། གློག་རྡུལ་གྱི་རྒྱུགས་ཤོག་འདོན་སྤྲོད་བྱས་པར་མ་ཟད། ད་རུང་ཆེད་ལས་ཀྱི་ལས་སྒྲུབ་མི་སྣ་བཀོད་སྒྲིག་བྱས་ཏེ་ལོང་བའི་རྒྱུགས་སྤྲད་སློབ་མར་རོགས་རམ་བྱས་ཡོད། །