ཀྲུང་དབྱང་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས།

    བོད་ལྗོངས་ཉིན་རེའི་ཚགས་པར་ནས་དྲངས།    2015-07-14

 ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ7ཚེས7ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཚོགས་འདུ་ཟླ7ཚེས6ནས7ཉིན་བར་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁྱབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ནི་མི་དམངས་དུང་ཕྱུར་མང་པོའི་བྱ་གཞག་ཡིན་པ་དང་། ཏང་གི་མང་ཚོགས་ཚོགས་པའི་ལས་དོན་དེ་ཉིད་ལ་ཕྲག་ཐོག་ཏུ་བབས་པའི་བརྗིད་ཉམས་ལྡན་པའི་ལས་འགན་ཡོད། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ངེས་པར་དུ་བསམ་བློར་བཅིངས་འགྲོལ་དང་། སྒྱུར་བཅོས་གསར་གཏོད། བློ་རྩ་བརྟན་པོས་ཡར་བརྩོན། དཀའ་སྤྱད་འབད་འཐབ་བཅས་མཐའ་འཁྱོངས་བྱས་ཏེ་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཏན་ཏན་ཏིག་ཏིག་ངང་རྒྱུན་འཁྱོངས་དང་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཏང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཡོང་རྒྱུ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་འགྱུར་བ་བྱས་ནས་ཐུན་མོང་ཐོག་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེའུ་གསར་པ་ཞིག་བརྩམ་དགོས་ཞེས་ནན་བཤད་གནང་བ་རེད།
 ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཏང་ཀྲུང་དབྱང་གིས་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཚོགས་འདུ་འཚོགས་པ་ནི་ཏང་གི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན། ད་ཐེངས་ཀྱི་ཚོགས་འདུའི་ལས་འགན་གཙོ་བོ་ནི་དུས་བབ་གསར་པའི་འོག་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཐད་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ་ཞིབ་འཇུག་དང་། 《ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཐད་ཤུགས་སྣོན་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་བསམ་འཆར》ལག་བསྟར་དོན་འཁྱོལ། གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད།བཅོས་བསྒྱུར་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་གྱི་རྣམ་པ་གསར་པ་ཞིག་ཧུར་ཐག་བཏོད་རྒྱུ་དེ་རེད།
 ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། མང་ཚོགས་ཚོགས་པའི་བྱ་གཞག་ནི་ཏང་གི་བྱ་གཞག་གི་གལ་ཆེ་བའི་གྲུབ་ཆ་ཞིག་ཡིན། ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ནི་ཏང་གིས་མང་ཚོགས་ཚོགས་པའི་རྩ་འཛུགས་བརྒྱུད་ནས་སྤེལ་བའི་མང་ཚོགས་ལས་དོན་ཡིན་ཞིང་། ཏང་རྩ་འཛུགས་ཀྱིས་རྒྱ་ཆེའི་མི་དམངས་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་ཏང་གི་ལྟེ་བའི་ལས་འགན་ལེགས་སྒྲུབ་བྱེད་ཆེད་འབད་འཐབ་བྱེད་པའི་ལས་དོན་གལ་ཆེན་ཞིག་ཡིན། དེ་ནི་ང་ཚོའི་ཏང་གི་གསར་གཏོད་ཆེན་པོ་ཞིག་ཡིན་ལ་ང་ཚོའི་ཏང་གི་ལེགས་ཆ་ཆེན་པོ་ཞིག་ཀྱང་ཡིན། གསར་བརྗེ་དང་། འཛུགས་སྐྲུན། བཅོས་བསྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་ཏང་གི་འགོ་ཁྲིད་འོག་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་རྒྱུ་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དོན་དངོས་ཐོག་དུས་བབ་གསར་པའི་འོག་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་དགོས་པ་ལས་ཉམས་ཞན་དུ་གཏོང་མི་རུང་བ་དང་། ལེགས་བཅོས་དང་མཐོར་འདེགས་བྱ་དགོས་པ་ལས་འཕེལ་མེད་རང་སོར་གནས་མི་རུང་བ་གསལ་བཤད་བྱུང་ཡོད། ང་ཚོས་ངེས་པར་དུ་དུས་བབ་དང་ལས་འགན། འཕེལ་རྒྱས་ཀྱི་འགྱུར་ལྡོག་བཅས་ལ་གཞིགས་ཏེ་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་བཏང་ནས་བཟོ་པའི་གྲལ་རིམ་གྱི་གཙོ་ཤུགས་དམག་དང་། གཞོན་ནུའི་སྟོབས་གསར་དམག བུད་མེད་ཀྱི་གནམ་ཕྱེད་འདེགས་པ་བཅས་ཀྱི་ནུས་པ་དང་ཤེས་ལྡན་མི་སྣ་ཐོན་ཁུངས་ཨང་དང་པོ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་དམངས་དུང་ཕྱུར13ལྷག་ཙམ་གྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱ་དགོས། ང་ཚོས་ངེས་པར་དུ་ཏང་གི་སྲིད་སྐྱོང་གི་གྲལ་རིམ་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་དམ་འཛིན་ལེགས་པར་བྱས་ཏེ་ཏང་དེ་ཉིད་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་མི་དམངས་མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་། སྐྱིད་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་ཡོང་བའི་འགན་ལེན་བྱ་དགོས། ང་ཚོས་ངེས་པར་དུ་མང་ཚོགས་ཚོགས་པའི་རྩ་འཛུགས་ལ་འཕེལ་ཤུགས་དེ་བས་ཁེངས་པ་དང་སྟོབས་ཤུགས་དེ་བས་ལྡན་པར་བྱས་ཏེ་རྒྱལ་ཁབ་ཀྱི་སྲིད་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བ་བྱ་དགོས།
  ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་ངེས་པར་དུ་ཁས་ལེན་གང་ལེགས་བྱ་དགོས་པ་དང་དུས་མཚུངས་ངེས་པར་དུ་ལྷག་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དོ་སྣང་དང་ལྷག་པར་དུ་མང་ཚོགས་དང་ཁ་བྲལ་བའི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱ་དགོས།ཏང་གི་མང་ཚོགས་ཚོགས་པའི་ལས་དོན་གྱི་ཆབ་སྲིད་རང་བཞིན་རྒྱུན་འཁྱོངས་དང་ཆེ་རུ་གཏང་དགོས།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་འཕེལ་རྒྱས་འགྲོ་ལམ་ནི་མང་ཚོགས་ཚོགས་པའི་ལས་དོན་གྱི་ཁྱབ་ཁོངས་སུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་ཞིབ་ཕྲའི་ངང་ལག་ལེན་བསྟར་བ་ཞིག་རེད། ཏང་རྩ་འཛུགས་ཀྱིས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་སྐུལ་མ་དང་ཁྲིད་སྟོན་བྱེད་པ་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་བྱས་རྗེས་ཧུར་ཐག་འཇོག་པ་དང་བྱས་རྗེས་འཇོག་ཕོད་པ་བྱ་དགོས།
  ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་སྔོན་ཐོན་རང་བཞིན་ཏན་ཏན་ཏིག་ཏིག་ངང་རྒྱུན་འཁྱོངས་དང་ཆེ་རུ་གཏང་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ངེས་པར་དུ་སྔ་ཕྱི་བར་གསུམ་དུ་ཏང་དང་མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས་ཏང་ལ་སེམས་ཁྲལ་སེལ་རོགས་དང་དམངས་ལ་ཕན་བདེ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་ལས་དོན་དེ་བྱེད་སྒོ་སྣ་ཚོགས་ནང་ཁྱབ་པར་བྱས་ཐོག་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་དྲིལ་བསྒྲགས། མང་ཚོགས་ལ་སློབ་གསོ་གཏོང་བ། མང་ཚོགས་ཁྲིད་སྟོན་བཅས་ཀྱི་ལས་དོན་མང་ཙམ་དང་བསམ་བློ་གཅིག་གྱུར་དང་། མི་སེམས་གཅིག་སྒྲིལ། འགལ་བ་སེལ་བ། བརྩེ་སེམས་ཟབ་གཏོང་། སྒུལ་ཤུགས་འཕེལ་བ་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབ་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་མང་ཚོགས་རང་བཞིན་ཏན་ཏན་ཏིག་ཏིག་ངང་རྒྱུན་འཁྱོངས་བྱ་དགོས།
     ཞི་ཅིན་ཕིང་གིས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམིགས་ཏེ་སྤྱི་ཡོངས་འོག་ཏུ་བསམ་གཞིག་བྱེད་པ་དང་སྤྱི་ཡོངས་འོག་ཏུ་བྱ་སྤྱོད་སྤེལ་བ་དང་ཕྱོགས་མཚུངས་ཁུར་བའི་འགན་འཁྲིར་གཞི་ཚུགས་པ་དང་འབྲེལ་བ་བྱེད་པའི་མང་ཚོགས་ལ་གཞི་ཚུགས་ཏེ་ལས་ཀའི་ཟུང་འབྲེལ་བྱེད་ས་དང་ཤུགས་རྒྱག་ས་འཚོལ་ཞིབ་བྱས་ཏེ་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་འགན་ནུས་དུས་བསྟུན་འཕེལ་རྒྱས་ཡོང་རྒྱུར་སྐུལ་མ་གཏང་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཞབས་ཞུའི་ཐོན་ཁུངས་སྔོག་འདོན་བཅས་བྱས་ནས་མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་དོ་སྣང་བྱ་ཡུལ་མང་ཆེ་བ་མང་ཚོགས་དབུལ་པོར་བཞག་སྟེ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ཧུར་ཐག་བསལ་ཏེ་མང་ཚོགས་ཀྱིས་ཡིད་རྟོན་རུང་བ་དང་། བློས་འགེལ་ཆོག་པ། ཁ་བྲལ་ཐབས་མེད་པ་བཅས་ཀྱི་གྲོགས་པོ་བློས་ཐུབ་དང་སྙིང་ཉེ་བར་འགྱུར་བ་བྱ་དགོས།
  ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། རིམ་ཁག་ཏང་ཨུས་སྤྱོད་ཡོན་གཉིས་ལྡན་དང་ཕྱོགས་བཞི་མཚམས་བརྒྱད་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཚོགས་པའི་ལས་བྱེད་པ་གསོ་སྐྱོང་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་མང་ཚོགས་ཚོགས་པའི་འགོ་ཁྲིད་ཚན་ཁག་ལེགས་པར་བདམས་པ་དང་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཚོགས་པའི་ལས་བྱེད་དཔུང་ཁག་གི་ཁྱོན་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། རྒྱ་ཆེའི་མང་ཚོགས་ཚོགས་པའི་ལས་བྱེད་པས་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་ལ་ཤུགས་སྣོན་རྒྱག་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་བཅས་བྱས་ནས་ནན་གསུམ་དྲང་གསུམ་རང་རྟོགས་ངང་ལག་ལེན་བསྟར་བ་དང་སྤྱོད་ཚུལ་བཞིའི་གནད་དོན་རང་རྟོགས་ངང་བཀག་འགོག་དང་ཡོ་བསྲང་བྱ་དགོས།
 ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུས་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་དང་བསྟུན་ནས་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཏན་ཏིག་ངང་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏང་དགོས། ཏང་ཨུའི་གཅིག་གྱུར་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཏང་སྲིད་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པ། སྡེ་ཚན་གྱིས་སོ་སོའི་འགན་འཁྲི་འཁུར་བ། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དཔེ་སྟོན་བྱེད་པ། མང་ཚོགས་ཚོགས་པས་འགན་འཁྲི་གཙང་སྒྲུབ་བྱེད་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱ་དགོས། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་མང་ཚོགས་ཚོགས་པས་ལས་དོན་སྤེལ་རྒྱུར་མཐུན་རྐྱེན་བསྐྲུན་དགོས། ཏང་གི་མང་ཚོགས་ཚོགས་པའི་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ཏེ་ཏང་ཨུས་མང་ཚོགས་ཚོགས་པའི་རྩ་འཛུགས་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།
  • ལེ་ཚན་སྔོན་མ།: མི་རིགས་ཀྱི་ལག་རྩལ་རྙིང་པས་རང་བདག་གི་ལས་ལམ་གསར་དུ་ཕྱེས་ནས་ཁྲོམ་ལམ་བཏོད།
  • ལེ་ཚན་རྗེས་མ།:མིའི་ཐོབ་ཐང་གི་དེབ་ཐེར་རྒྱབ་ཤ་དཀར་པོའི་ནང་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། སློབ་གསོ། སྤྱི་པའི་ཞབས་ཞུ་སོགས་སྔར་ལས་ལྷག་པར་ཇེ་ཡག་ཏུ་ཕྱིན་ཡོད་ཅེས་བསྟན།
  • དོ་སྣང་ཆེ་བའི་རྩོམ།