ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་དབུས་མའི་ལས་གྲྭས་ཆུ་ཤར་གཏོང་ཐུབ་ནས་ལོ་དྲུག་ལྷག་ཙམ་སོང་རིང་། ཐད་ཀར་མི་འབོར་ཁྲི7900ལ་དངོས་ཕན་ཐོགས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-05-18

 ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་དབུས་མའི་ལས་གྲྭ་ནི་ཏན་ཅང་ཁའུ་ཆུ་མཛོད་ནས་ཆུ་འདྲེན་པ་དང་ཕུག་ལམ་བརྒྱུད་ནས་རྨ་ཆུ་སྒྲོལ་བ། དེ་ནས་ཅིང་ཀོང་ལྕགས་ལམ་གྱི་ནུབ་འགྲམ་ནས་བྱང་དུ་འདྲེན་པ་ཞིག་ཡིན་པ་དང་། ཆུ་འདྲེན་ཡུར་བུ་ཨ་མ་དེ་ཧོ་ནན་དང་། ཧོ་པེ། པེ་ཅིང་། ཐེན་ཅིན་བཅས་ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར་4དང་གྲོང་ཁྱེར་ཆེ་འབྲིང་24བརྒྱུད་ཀྱི་ཡོད་པ་རེད། ཆུ་ཤར་གཏོང་ཐུབ་ནས་ལོ་དྲུག་ལྷག་ཙམ་སོང་རིང་། ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་དབུས་མའི་ལས་གྲྭས་རིམ་རྩིས་བྱས་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་380ལྷག་ཙམ་མཁོ་འདོན་བྱས་པ་དེས་ཐད་ཀར་ཕན་པ་ཐོབ་མཁན་མི་ཁྲི་7900ཟིན་ཡོད་ཅིང་། གྲོང་ཁྱེར་ཆེ་འབྲིང་མང་པོའི་ཆུ་ཁུངས་གཙོ་བོར་གྱུར་ཡོད།

ཆུ་འཐུང་བ་དང་། ཁ་ངོ་ལག་འཁྲུ། གསང་སྤྱོད་བཀྲུ་བ་སོགས་མི་རྣམས་ཀྱི་ཞོགས་པ་ནི་ཆུ་རྒྱུན་ཁྲོད་དྭངས་གསལ་ཆགས་བཞིན་ཡོད། པེ་ཅིང་གི་གྲོང་མི་མང་པོ་ཞིག་གིས་བེད་སྤྱོད་གཏོང་བའི་ཆུ་ནི་ཏན་ཅང་ཁའུ་ཆུ་མཛོད་ནས་ཡོང་བ་ཡིན། ཆུ་བེད་པུའི་ལྷོ་ཆུ་བྱང་འདྲེན་སིའི་རིམ་པ་དང་པོའི་སྐོར་གཟིགས་པ་ལི་ཡུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་པེ་ཅིང་གྲོང་མིའི་འཚོ་བའི་སྤྱོད་ཆུ་བཅུ་ཆ་བདུན་ཡན་ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་དབུས་མ་ནས་ཡོང་བ་ཞིག་ཡིན། 
ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་དབུས་མའི་ལས་གྲྭའི་འཆར་འགོད་དེ་དུས་མཚམས་གཉིས་སུ་དབྱེ་ནས་བསྐྲུན་པ་སྟེ། ཧོ་ནན་ནན་དབྱང་ཐའོ་ཁྲ་ཆུ་ཡུར་ནས་ཐོག་མར་ཏན་ཅང་ཁའུ་ཆུ་མཛོད་ཀྱི་ཆུ་བྱང་དུ་འདྲེན་པ་དང་། རང་རྒྱལ་གྱི་ས་ཁམས་ཆགས་ཚུལ་གྱི་སྐས་རིམ་གཉིས་པའི་བཟང་ཆ་སྤྱད་དེ་ལམ་ཐག་ཧྲིལ་པོར་པེ་ཅིང་དང་ཐེན་ཅིན་དུ་རྒྱུག་གི་ཡོད་ཅིང་། གཙོ་བོ་ལམ་རྒྱུད་ཀྱི་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧོ་ནན་བཅས་ཞིང་ཆེན་དང་གྲོང་ཁྱེར་བཞིར་ཆུ་མཁོ་འདོན་བྱེད་ཀྱི་ཡོད། དུས་མཚམས་དང་པོའི་ལས་གྲྭའི་ཆུ་འདྲེན་མ་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་1432ཟིན་པ་དང་། ལོ་མང་རིང་ཆ་སྙོམས་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་95ཟིན་པ། དུས་མཚམས་གཉིས་པའི་ལས་གྲྭས་ཆུ་འདྲེན་ནུས་ཆེ་རུ་བཏང་ནས་ལོ་མང་རིང་ཆ་སྙོམས་ཆུ་འདྲེན་པའི་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་130ཟིན་པ་བྱ་རྒྱུ་ཡིན་པ་རེད། དུས་མཚམས་དང་པོའི་ལས་གྲྭ་དེ་སྤྱི་ལོ་2014ལོའི་ཟླ་12པར་བསྐྲུན་ཟིན་ནས་ཆུ་ཤར་གཏོང་ཐུབ་པ་དང་འབྲེལ་རྒྱུན་མཐུད་ངང་ཕན་འབྲས་ཐོན་ཡོད། ལི་ཡུང་གིས། མིག་སྔའི་བར། ལམ་ཐིག་དབུས་མའི་ལས་གྲྭས་རིམ་རྩིས་བྱས་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་380མཁོ་འདོན་བྱས་ཡོད་ཅེས་བསྟན་ཡོད།

ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་དབུས་མའི་ཆུ་ཁུངས་གཙོ་བོ་སྟེ། ཏན་ཅང་ཁའུ་ཆུ་མཛོད་དུ་ལས་དོན་མི་སྣས་ཆུ་མཛོད་ནས་ཆུ་ཕོར་པ་ཆེན་པོ་གང་བླངས་ནས་བལྟ་སྐབས། ཆུ་དྭངས་ཤིང་གཙང་བ་ཞིག་ཡོད་ཅིང་། ཆུའི་ནང་ལྷད་རྫས་ཅི་ཡང་མེད། ས་ཆ་དངོས་སུ་ཡོད་པའི་མི་སྣས་ཆུ་འཐུང་སྐབས་བསིལ་ཞིང་འཇམ་པའི་ཁྱད་ཡོན་འདུག་ཅེས་བསྔགས་བརྗོད་བྱས་ཡོད་པ་རེད།

ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་དབུས་མའི་ལས་གྲྭས་ཆུ་ཤར་གཏོང་ཐུབ་ཚུན། ཆུ་མཁོ་འདོན་གྱི་སྤུས་ཚད་ནི་རིམ་པ་གཉིས་པའི་ཚད་གཞི་དང་དེ་ལས་མཐོ་བར་སླེབས་ཀྱི་ཡོད་པ་དང་། ལམ་རྒྱུད་མང་ཚོགས་ཀྱི་འཐུང་ཆུའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་ཅིང་། ཧོ་པེའི་ཧེ་ལུང་གྲུ་ཁའི་ས་ཁོངས་ཀྱི་མི་ཁྲི་500ལྷག་ཙམ་གྱིས་ཡུན་རིང་ཧྥུའུ་རྒྱུ་མཐོ་བའི་ཆུ་དང་ཚྭ་ཆུ་འཐུང་བའི་ལོ་རྒྱུས་མཇུག་འགྲིལ་ཡོད། 
ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གི་གྲོང་འདབས་སུ་གནས་པའི་ཧུའུ་ཐུའོ་གཙང་པོའི་འགྲམ་དུ། ཆུ་རྒྱུན་རྒྱས་ཤིང་ཆུ་སྤུས་གཙང་བ། ཆུའི་ངོགས་གཉིས་ཀྱི་རྩྭ་རྩེ་ཤིང་རྒྱས་ཡོད། ཡིད་ཆེས་བྱེད་ཐབས་བྲལ་བ་ཞིག་ནི་ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་དབུས་མའི་ལས་གྲྭས་ཆུ་མ་འདྲེན་གོང་དེ་གར་ནི་ཆུ་སྐམ་ནས་ལོ་མང་པོ་ཕྱིན་པ་ཞིག་ཡིན།

ཚན་རིག་དང་མཐུན་པའི་བཀོད་གཏོང་བྱས་ནས་འབྱུང་ཁམས་ཀྱི་ཆུ་ཁ་གསབ་ལག་བསྟར་བྱས་པ་བརྒྱུད། ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་དབུས་མའི་ལས་གྲྭས་ལམ་རྒྱུད་ཀྱི་ཆུ་བོ་དང་མཚེའུ་30ལྷག་ཙམ་ལ་འབྱུང་ཁམས་ཀྱི་ཆུ་ཁ་གསབ་བྱས་ཡོད་པ་དང་། རིམ་རྩིས་བྱས་ན་ཆུ་ཁ་གསབ་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་53ལྷག་ཟིན་ཞིང་། གཙང་པོ་དང་མཚེའུ་ཡི་ཆུའི་སྤུས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པས། ཧུའུ་ཐུའོ་གཙང་པོ་དང་པའེ་དབྱང་ཏེན་སོགས་གཙང་པོ་དང་མཚེའུ་འབོར་ཆེན་ཞིག་ལ་སླར་ཡང་སྐྱེ་སྟོབས་འཕེལ་ཡོད། དེ་དང་དུས་མཚུངས་སུ། ས་འོག་གི་ཆུ་སྔོག་འདོན་བྱེད་ཚད་ཚད་ལས་བརྒལ་བའི་ཐད་ཚབ་བརྗེ་དང་ཁ་གསབ་བྱེད་པ་སོགས་ཀྱི་ཕྱོགས་བསྡུས་བྱ་ཐབས་སྤྱད་པ་བརྒྱུད། ཧྭ་བྱང་ས་ཁུལ་གྱི་བེད་སྤྱོད་གཏོང་ཆོག་པའི་ཆུའི་ཐོན་ཁུངས་མང་དུ་ནུས་ལྡན་བཏང་ཡོད་པ་དང་། ཧྭ་བྱང་ས་ཁུལ་གྱི་ས་འོག་ཆུའི་ཆུ་ཁ་ཆག་པ་དང་ས་ངོས་རྡིབ་པ་སོགས་འབྱུང་ཁམས་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་ཚུལ་བཀག་འགོག་ཐུབ་ཡོད་པ་རེད། ཆུ་བེད་པུའི་ལྷོ་ཆུ་བྱང་འདྲེན་སིའི་རིམ་པ་དང་པོའི་སྐོར་གཟིགས་པ་ལི་ཡུང་གིས། སླད་ཕྱིན་ནུས་ཤུགས་ཡོད་རྒུས་ལྷོ་ཆུ་བྱང་འདྲེན་གྱི་ལས་གྲྭ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ནས་ལས་གྲྭའི་ཕྱོགས་བསྡུས་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཀྲུང་ནན་ཧྲན་གྱིས་ངས་འགོག་ཁབ་བརྒྱབ་ཟིན། ཚང་མས་གང་མགྱོགས་ངང་རིམས་འགོག་སྨན་ཁབ་རྒྱོབ་རོགས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་མཛད་ནས་གློག་འཕྲིན་བཏང་གནང་སྟེ་རྟེན་འབྲེལ་ཞུས།
  • དོ་སྣང་ཆེ་བའི་རྩོམ།