ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་མཛད་ནས་གློག་འཕྲིན་བཏང་གནང་སྟེ་རྟེན་འབྲེལ་ཞུས།

    མི་དམངས་དྲ་བ་ནས་དྲངས།    2021-05-19

ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་མཛད་ནས་གློག་འཕྲིན་བཏང་གནང་སྟེ་རྟེན་འབྲེལ་ཞུས།

སྤྱི་ཟླ5པའི་ཚེས15ཉིན། འཇིག་རྟེན་འཕུར་སྐྱོད་ཚན་ཞིབ་མི་སྣས་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱི་བཀོད་འདོམས་ཚོམས་ཆེན་དུ་རང་རྒྱལ་གྱི་སྐར་མ་མིག་དམར་ལ་འཚོལ་ཞིབ་ཚད་ལེན་ཐོག་མར་བྱེད་པའི་ལས་འགན་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས།

མཁའ་འདྲི་ཨང་དང་པོའི་ས་བབ་སྐོར་ཞིབ་འཕྲུལ་ཆས་སྐར་མར་མིག་དམར་གྱི་ཨུ་ཐུའོ་པང་ཐང་གཤོངས་ལྷོ་རྒྱུད་ཀྱི་སྔོན་འདེམས་ས་སྟེང་དུ་བདེ་བླག་ངང་བབས་པ་བརྒྱུད། རང་རྒྱལ་གྱི་སྐར་མ་མིག་དམར་ལ་འཚོལ་ཞིབ་ཐིག་ལེན་གྱི་ལས་འགན་ཐེངས་དང་པོར་སྒྲུབ་མཁན་འཚོལ་ཞིབ་འཕྲུལ་ཆས་སྐར་མ་མིག་དམར་སྟེང་འབབ་པའི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ5པའི་ཚེས15ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ5པའི་ཚེས15ཉིན་གྱི་ཆུ་ཚོད7དང་སྐར་མ18ལ། མཁའ་འདྲི་ཨང་དང་པོའི་འཚོལ་ཞིབ་འཕྲུལ་ཆས་སྐར་མ་མིག་དམར་གྱི་ཨུ་ཐུའོ་པང་ཐང་གཤོངས་ལྷོ་རྒྱུད་ཀྱི་སྔོན་འདེམས་བྱས་པའི་ས་སྟེང་དུ་བདེ་བླག་ངང་བབས་པར་བརྒྱུད། རང་རྒྱལ་གྱི་སྐར་མ་མིག་དམར་ལ་འཚོལ་ཞིབ་ཐིག་ལེན་གྱི་ལས་འགན་ཐེངས་དང་པོར་སྒྲུབ་མཁན་འཚོལ་ཞིབ་འཕྲུལ་ཆས་སྐར་མ་མིག་དམར་སྟེང་འབབ་པའི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་བཏང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་མཛད་ནས་སྐར་མ་མིག་དམར་ལ་འཚོལ་ཞིབ་ཐིག་ལེན་ཐེངས་དང་པོ་བྱེད་མཁན་ལས་འགན་བཀོད་འདོམས་པུའུ་དང་ལས་འགན་ནང་ཞུགས་མཁན་བློ་མཐུན་ཡོངས་ལ་སྤྲོ་སེམས་འཕེལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་མཁའ་འདྲི་ཨང་དང་པོའི་འཚོལ་ཞིབ་འཕྲུལ་ཆས་སྐར་མ་མིག་དམར་སྟེང་བབས་ནས་རང་རྒྱལ་གྱིས་སྐར་ཚོགས་འཚོལ་ཞིབ་ཐིག་ལེན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་གོམ་སྟབས་གལ་ཆེན་ཞིག་སྤོས་པ་དང་། སའི་གོ་ལ་དང་ཟླ་བའི་གོ་ལ་ནས་རྒྱུ་སྐར་གོ་ལ་གཞན་བར་མཆོང་སྐྱོད་བྱས་པ། སྐར་མ་མིག་དམར་སྟེང་ཀྲུང་གོ་བའི་རྐང་རྗེས་ཐེངས་དང་པོར་བཞག་པ་བཅས་ནི་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་འཕེལ་རྒྱས་ཁྲོད་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་འཕེལ་རིམ་གཞན་ཞིག་རེད། ཁྱེད་ཚོས་འགྲན་སློང་བྱེད་ཕོད་པ་དང་ཕུལ་བྱུང་དོན་གཉེར་བྱས་ཏེ་རྒྱུ་སྐར་གོ་ལར་འཚོལ་ཞིབ་ཐིག་ལེན་བྱེད་པའི་ཁྱབ་ཁོངས་སུ་རང་རྒྱལ་འདི་ཉིད་འཛམ་གླིང་གི་སྔོན་ཐོན་གྱི་གྲས་སུ་སླེབས་པར་བྱས་ཡོད། མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོའི་གཟེངས་སུ་ཐོན་པའི་མཛད་རྗེས་ནམ་ཡང་བརྗེད་མི་སྲིད་ཅེས་མཛུབ་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་ཁྱེད་ཚོས་ཡང་འབད་བསྐྱར་འབད་བྱས་ཏེ་སྐར་མ་མིག་དམར་སྟེང་སྐོར་སྐྱོད་ཚན་རིག་འཚོལ་ཞིབ་བྱ་རྒྱུ་སྒྲིག་འཛུགས་ཞིབ་ཚགས་དང་ལག་བསྟར་ཡག་པོ་བྱས་ཤིང་། ཚན་རྩལ་ཐད་རང་ཚུགས་རང་འབད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱུ་སྐར་གོ་ལར་འཚོལ་ཞིབ་བྱེད་པ་སོགས་ཀྱི་མཁའ་སྐྱོད་ལས་གྲྭ་གལ་ཆེན་ལ་བློ་རྩེ་གཅིག་སྒྲིམ་ངང་སྐུལ་འདེད་གཏོང་བ། མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས། འཇིག་རྟེན་ཁམས་ཀྱི་གསང་བ་འཚོལ་ཞིབ་དང་མིའི་རིགས་ཀྱི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླ་ན་མེད་པའི་བྱ་གཞག་ཆེད། ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་གསུང་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་གི་མཁའ་སྐྱོད་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ནས་མཁའ་འདྲི་ཨང་དང་པོའི་འཚོལ་ཞིབ་འཕྲུལ་ཆས་སྐར་མ་མིག་དམར་སྟེང་བབས་ཚུལ་ལ་གཟིགས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོ་ཡིས་ས་གནས་ས་ཐོག་ཏུ་ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ་རེད།

རང་རྒྱལ་གྱི་སྐར་མ་མིག་དམར་ལ་འཚོལ་ཞིབ་ཐིག་ལེན་གྱི་ལས་འགན་ཐེངས་དང་པོ་དེ2016ལོར་གཏན་འཁེལ་བྱས་པ་དང་། ལས་འགན་ཐེངས་གཅིག་སྒྲུབ་པ་བརྒྱུད། སྐར་མ་མིག་དམར་སྐོར་རྒྱུ་དང་། ས་སྟེང་དུ་འབབ་རྒྱུ། སྐོར་སྐྱོད་ལྟ་ཞིབ་དང་འཚོལ་ཞིབ་བྱ་རྒྱུ་བཅས་ཀྱི་འཆར་གཞི་བཏིང་ཡོད། མཁའ་འདྲི་ཨང་དང་པོའི་འཚོལ་ཞིབ་འཕྲུལ་ཆས2020ལོའི་སྤྱི་ཟླ7པའི་ཚེས23ཉིན་ཧའེ་ནན་ཝུན་ཁྲང་ནས་རྒྱང་སྐྱོད་རྟགས་ཅན་ལྔ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་བདེ་བླག་ངང་འཕེན་གཏོང་བྱས་པ་དང་། 2021ལོའི་སྤྱི་ཟླ2པའི་ཚེས10ཉིན་བདེ་བླག་ངང་སྐར་མ་མིག་དམར་གྱི་འཁོར་ལམ་དུ་འབྱོར་ནས་རང་རྒྱལ་གྱིས་བཟོས་པའི་སྐར་མ་མིག་དམར་གྱི་མིས་བཟོས་སྲུང་སྐར་དང་པོར་གྱུར་ཡོད། སྤྱི་ཟླ2པའི་ཚེས24ཉིན་འཚོལ་ཞིབ་འཕྲུལ་ཆས་སྐར་མ་མིག་དམར་གྱི་བབས་ཚུགས་འཁོར་ལམ་དུ་འབྱོར་ཏེ། དུས་ཡུན་ཟླ་གསུམ་ཙམ་རིང་སྐོར་སྐྱོད་འཚོལ་ཞིབ་བྱས་ནས་སྐར་མ་མིག་དམར་སྟེང་བདེ་བླག་ངང་འབབ་རྒྱུར་རྨང་གཞི་བཏིང་ཡོད། མཁའ་འདྲི་ཨང་དང་པོའི་འཚོལ་ཞིབ་འཕྲུལ་ཆས་སྐར་མ་མིག་དམར་སྟེང་བདེ་བླག་ངང་བབས་པ་ནི། རང་རྒྱལ་གྱི་འཚོལ་ཞིབ་འཕྲུལ་ཆས་སའི་གོ་ལ་ནས་རྒྱུ་སྐར་གཞན་གྱི་སྟེང་བབས་ཐེངས་དང་པོ་ཡིན་པ་དང་། དེ་ལས་རང་རྒྱལ་འདི་ཉིད་སྐར་མ་མིག་དམར་སྟེང་བདེ་བླག་ངང་བབས་པའི་རྒྱལ་ཁབ་ཨང་གཉིས་པར་གྱུར་ཡོད། ཀྲུང་གོ་རྒྱལ་ཁབ་མཁའ་སྐྱོད་ཅུས་ཀྱིས་ཡོ་རོབ་མཁའ་སྐྱོད་ཅུས་དང་། ཨ་ཀེན་ཐིན། ཧྥ་རན་སེ། ཨོ་སི་ཁྲུ་རི་ཡ་སོགས་ཀྱི་རྒྱལ་སྤྱིའི་མཁའ་སྐྱོད་རྩ་འཛུགས་དང་རྒྱལ་ཁབ་མཁའ་སྐྱོད་ལས་ཁུངས་དང་འབྲེལ་ཡོད་རྣམ་གྲངས་ཐད་མཉམ་ལས་བྱས་ཏེ། འཇིག་རྟེན་ཁམས་ཀྱི་གསང་བ་འཚོལ་ཞིབ་དང་། སྐར་མ་མིག་དམར་ལ་འགྱུར་ལྡོག་བྱུང་ཚུལ་ཐད་ཀྱི་ཤེས་རྟོགས་བྱེད་ཚད་ཆེ་རུ་གཏོང་བ། ཚེ་སྲོག་གི་འབྱུང་ཁུངས་ཤེས་རྟོགས་བྱེད་པ་སོགས་ལ་ཐུན་མོང་ཐོག་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།།



  • ལེ་ཚན་སྔོན་མ།:ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་དབུས་མའི་ལས་གྲྭས་ཆུ་ཤར་གཏོང་ཐུབ་ནས་ལོ་དྲུག་ལྷག་ཙམ་སོང་རིང་། ཐད་ཀར་མི་འབོར་ཁྲི7900ལ་དངོས་ཕན་ཐོགས་པ།
  • ལེ་ཚན་རྗེས་མ།:གཞན་ནས་ཁྱེར་ཡོང་བའི་བུ་མོས་དགུང་ལོ་92ལ་སླེབས་པའི་རྨོ་བོ་ཁྲིད་ནས་སློབ་ཆེན་འགྲིམས་པ།
  • དོ་སྣང་ཆེ་བའི་རྩོམ།