མི་དམངས་དྲ་བ་ལས་དྲངས། 2021-03-16
མི་དམངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ཁྱེད་ཀྱིས་ཡུལ་ཤུལ་བཤད་དུས། ང་ལ་ཕྱི་དྲན་ཞིག་སློང་བྱུང”ཞེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ3པའི་ཚེས8ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་གྱི་འཐུས་མིའི་གྲོས་ཞིབ་ནང་ཞུགས་གནང་དུས། དམིགས་བསལ་གྱིས་གྲོང་སྡེ་ཞིག་བརྗོད་གནང་བ་རེད། ཁོང་གིས་“ས་ཡོམ་བྱུང་རྗེས། ང་རང་ཡུལ་ཤུལ་གེགས་ཁུལ་དུ་སོང་བ་ཡིན། དེ་དུས་མཚོ་འཕགས་སྨི4000ལྷག་ཡོད་པའི་གྲོང་སྡེ་ཞིག་ལ་སོང་བ་ཡིན། ཡུལ་དེར་གནོད་འཚེ་ཚབས་ཆེན་ཐེབས་འདུག”ཅེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་བའི་གྲོང་སྡེ་དེ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་དཀར་མདའ་གྲོང་སྡེ་རེད། ད་ཆ། དཀར་མདའ་གྲོང་སྡེས་བདེ་འཇགས་དང་། སྡོད་རྒྱུར་འཚམ་པ། རང་བྱུང་། ནུས་པ་ཆ་ཚང་བ། འབྲོག་ལས་གྲོང་སྡེར་འཚམ་པ་བཅས་ཀྱི་རྩ་དོན་ལ་གཞིགས་པ་དང་། ཡུལ་བབ་དང་བསྟུན་ནས་ཚོགས་སྒྲིག་རྣམ་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་སྡེ་ཞིག་ཏུ་བསྐྱར་སྐྲུན་བྱས་ཡོད། ཡུལ་འདིའི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། མི་སེར་རྣམས་བདེ་སྡོད་ལས་བརྩོན། ཐུན་མོང་ཐོག་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་དེ་གང་སར་སྐྱེ་སྟོབས་གསར་པ་འཕེལ་བཞིན་ཡོད་པ་རེད།
2010ལོའི་སྤྱི་ཟླ4པའི་ཚེས14ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་རིམ་པ་7.1བྱང་བ་རེད། ཡུལ་ཤུལ་གྲོང་ཁྱེར་སྐྱེ་རྒུ་མདོ་གྲོང་རྡལ་དཀར་མདའ་གྲོང་སྡེའི་ཁང་པ་ཚང་མ་རྡིབ་པ་རེད།
ས་ཡོམ་བྱུང་ནས་ཉི་མ20སོང་རྗེས་སུ། དཀར་མདའ་གྲོང་སྡེ་ནི་ཚན་པ་དང་པོའི་བྱ་གཞག་བསྐྱར་སྐྲུན་དུ་བཀོད་པ་རེད། 2010ལོའི་སྤྱི་ཟླ11པར། སྒེའུ་ཁུང་དང་རྐུན་འགོག་སྒོ་དང་དྲོད་སྲུང་པང་རྐྱལ་སྦྱར་ཞིང་། ས་འགུལ་འགོག་བྱེད་ལས་གྲུབ་པའི་ཁང་པ་གསར་པ་དེ་སྔའི་དཀར་མདའ་གྲོང་སྡེའི་ཉེ་འགྲམ་གྱི་ལ་ངོས་སུ་བསྐྲུན་ནས། དཀར་མདའ་གྲོང་སྡེའི་གྲོང་མི་རྣམས་བདེ་བླག་ངང་ཁང་པ་གསར་པའི་ནང་སྡོད་ཐུབ་པ་བྱུང་བ་རེད།
རྒྱལ་ཡོངས་མི་དམངས་ཀྱི་རོགས་རམ་འོག་དཀར་མདའ་གྲོང་སྡེས་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་ཁྲོད་བསྐྱར་དུ་འཚར་ལོངས་བྱུང་བ་དང“དཀའ་སྤྱད་ལོ་གསུམ་བྱས་པ་དེས་ལོ་ཉི་ཤུ་བརྒལ”རྒྱུའི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད། གྲོང་སྡེའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི“དཀར་མདའི་རྣམ་པ”ཡི་འོག དཀར་མདའ་གསར་པ་འབྱོར་འབྲིང་ལམ་བུ་བརྟན་པོའི་ཐོག་མདུན་སྐྱོད་བྱས་དང་བྱེད་བཞིན་ཡོད་པ་རེད།
2010ལོའི་སྤྱི་ཟླ5པར་དཀར་མདའ་གྲོང་སྡེས་འབྲོག་ལས་མཉམ་ལས་ཁང་བཙུགས་ནས། དུད་ཚང་དབུལ་པོའི་མ་རྐང་བསྡུ་སྒྲིལ་གྱིས་གཅིག་སྡུད་ཐོག་གཉེར་སྐྱོང་རང་བདག་གི་བྱེད་ཐབས་ཐོག་ནས་མ་དངུལ་སྒོར་ཁྲི149.76བཏང་སྟེ་དུད་ཚང་དུ་ཐོན་ལས་རོགས་སྐྱོར་བྱས་ཡོད། སྒོ་རྩིས་ཚོང་ཁང་། གསོ་སྤེལ་རྟེན་གཞི། རྩམ་པ་ལས་སྣོན་ཁང་། འཁྱག་མཛོད་རྟེན་གཞི། ལག་བཟོས་གྱོན་ཆས་བཟོ་ཁང་། གསོལ་སྟོན་ཁང་། མགྲོན་ཁང་སོགས་ལོ་བཅུ་ལྷག་ཙམ་རིང་། མཉམ་ལས་ཁང་གིས་རིམ་བཞིན་ཚོང་གཉེར་བྱེད་རྒྱ་ཆེ་རུ་བཏང་བར་མ་ཟད། ས་བབ་ཀྱི་ལེགས་ཆ་དང་། ངལ་རྩོལ་ནུས་ཤུགས་ཀྱི་ལེགས་ཆ། རྩལ་ནུས་ཀྱི་ལེགས་ཆ་བཅས་ལ་བརྟེན་ནས་ད་ཡོད་ཀྱི་ཐོན་ལས་གཉེར་སྐྱོང་ཞིག་ཀྱང་རིམ་བཞིན་ཆགས་ཏེ། གྲོང་མི་ཁག་གཅིག་གི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་ཐུབ་པར་མ་ཟད། གྲོང་སྡེའི་མཉམ་སྡེབ་དང་གྲོང་མི་ཡོངས་ལ་ཁེ་འབབ་བགོ་ཐུབ་པ་བྱུང་ཡོད། 2017ལོར་དཀར་མདའ་གྲོང་སྡེའི་དུད་ཚང310ཡི་མི1243ཁྱོན་ཡོངས་ནས་དབུལ་ཐར་བྱུང་ཡོད་པ་རེད།
འཕེལ་རྒྱས་དོན་གཉེར་བྱེད་པའི་ལམ་བུའི་ཐོག དཀར་མདའ་གྲོང་སྡེའི་གྲོང་མིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ལྗིད་པོ་དེ་སྔ་ཕྱི་བར་གསུམ་དུ་བརྗེད་མེད་པ་རེད། དཀའ་མདའ་གྲོང་སྡེ་ནི་རྫ་ཆུའི་ཆུ་མགོ་ལ་གནས་པ་དང་། ཆུ་མིག280ལྷག་ཙམ་ཡོད་ཅིང་། བཞུར་ཚད་ཅུང་ཆེ་བའི་ཆུ་མིག50ཙམ་རྫ་ཆུའི་ནང་བཞུར་བཞིན་ཡོད་པ་རེད། 2013ལོར། དཀར་མདའ་གྲོང་སྡེས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆུང23ལ་བགོས་ནས་ཆུ་མིག་རེ་རེའི་ཡིག་ཚགས་ཞིབ་ཕྲ་བཟོས་པ་རེད། ཆུ་མིག་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ཚང་མའི་ཁྲོད་དཀར་མདའ་གྲོང་སྡེའི་གྲོང་མི་ཚོས་རང་ཉིད་ནི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཐད་ཀར་ཕན་པ་ཐོབ་མཁན་ཞིག་ཡིན་པའི་ངོས་འཛིན་བྱུང་བ་རེད།
“ཆུ་གཙང་རི་སྔོ་ནི་གསེར་རི་དངུལ་རི་ཡིན”ཞེས་པ་འདི་ནི་དཀར་མདའ་གྲོང་སྡེའི་ཁོར་ཡུག་སྲུང་སྐྱོང་གི་ལམ་བུ་ཞིག་ཡིན་ལ་ཕྱུག་འགྱུར་གྱི་ལམ་བུ་ཞིག་ཀྱང་རེད། རི་བོ་མཐོང་རྒྱུ་ཡོད་ལ། ཆུ་བོ་མཐོང་རྒྱུའང་ཡོད། ཐོན་ལས་དར་ཞིང་། ཡོང་འབབ་མང་དུ་སོང་བ་སོགས་ལོ་བཅུ་ལྷག་ཙམ་འཕེལ་རྒྱས་བཏང་བར་བརྒྱུད་དཀར་མདའ་གྲོང་སྡེ་འདི་ཉིད་ཐོན་ལས་འཕེལ་རྒྱས་ཀྱི་གྲོང་སྡེ་གསར་པ་ཞིག་ཏུ་གྱུར་ཡོད། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་སླར་ཡང་ཡུལ་ཤུལ་དུ་གཟིགས་པར་ཕེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད། སྐབས་དེ་དུས་ང་ཚོས་སླར་ཡང་ཏང་ལ་ལ་གླུ་ཞིག་འཕུལ་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅིས་གསན་ཐུབ་པའི་རེ་བ་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཡུལ་ཤུལ་ནས་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྡོ་རྗེས་རང་ཉིད་ཀྱི་སྙིང་གཏམ་བརྗོད་ལ། དེ་བཞིན་ཡུལ་ཤུལ་མི་དམངས་ཁྲི་20ལྷག་ཙམ་གྱི་བསམ་འདུན་ཡང་བརྗོད་པས། དཀར་མདའ་གྲོང་ཚོའི་མི་དམངས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུ་འཚོལ་ཞིབ་བྱ་རྒྱུར་ཡིད་ཆེས་ཀྱིས་ཁེངས་པ་མཚོན་ཡོད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10