མི་དམངས་དྲ་བ། 2021-03-11
གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་འཁྲབ་གཞུང་རྩོམ་མཁན་ཅང་ཧྲེང་ནན་གྱིས། རྒྱལ་ཁབ་ཀྱི་གཞུང་ཞབས་པའི་ཡིག་ཚད་གཏོང་བ་ལ་ལོ་35མན་གྱིས་ཐོ་འགོད་རྒྱུགས་སྤྲོད་དགོས་པའི་ལོ་ཚད་ཀྱི་ཚད་བཀག་མེད་པ་བཟོ་དགོས་པའི་གྲོས་འགོ་བཏོན་པ་རེད། ཁོ་མོས་ལོ་35ནི་མི་ཞིག་གིས་བྱ་གཞག་སྒྲུབ་པའི་ལོ་ཚད་ཡག་ཤོས་དེ་ཡིན་ལ། དཀའ་ཚེགས་ཆེ་བའི་མི་ཚེའི་དུས་མཚམས་ལའང་སླེབས་ཡོད། ལོ་35ལ་སླེབས་མཁན་མང་པོ་ཞིག་ལས་ཞུགས་ཐེངས་གཉིས་པའི་སྐབས་སུ་ལོ་ཚད་ལ་མཐོང་ཆུང་བྱེད་པའི་གནས་ཚུལ་ཐོན་གྱི་ཡོད། ལས་ཀའི་ཐད་མཐོང་ཆུང་འདི་འདྲ་བྱེད་མི་རུང་ཞིང་། གལ་ཆེ་ཤོས་ནི་མིའི་ནུས་པ་དང་ལས་ཀ་ནན་ཏན་བྱེད་པའི་སྤྱོད་ཚུལ་ལ་བལྟ་དགོས་པ་དེ་རེད། ཟླ་3ཚེས་7ཉིན་བརྗོད་གཞི་འདི་གསར་འགྱུར་གླེང་གཞི་ཚ་ཤོས་འཚོལ་བཤེར་ཐོག་ཨང་དང་པོ་གྱུར་ཡོད།
བརྗོད་གཞི་དེ་འཚོལ་བཤེར་བྱེད་མང་བའི་རྒྱུ་མཚན་ནི། མི་རྣམས་ཀྱིས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལ་དོ་ཁུར་ཆེན་པོ་བྱེད་པ་གསལ་བཤད་བྱས་པར་མ་ཟད།“ལོ་35ལ་སླེབས་པའི་སྣང་ཚུལ”དེ་དངོས་འབྲེལ་མཐོང་ཆེན་བྱེད་རིན་ཡོད་པའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་ཡང་གསལ་བཤད་བྱས་ཡོད།
“ལོ་35ཡི་ཚད་བཀག་”ཞེས་པ་ནི་གཙོ་བོ་གཞུང་ཞབས་པ་དང་། བྱ་གཞག་ཚན་པའི་མི་སྣ། ལས་བྱེད་པ་བཅས་གདམ་གསེས་བྱེད་སྐབས་ལོ་35མན་གྱི་ལོ་ཚད་ཚོད་འཛིན་བྱས་པ་ལ་ཟེར། དེ་དང་ཆབས་ཅིག་ཏུ་། གཞུང་གཉེར་ཁེ་ལས་དང་སྒེར་གཉེར་ཁེ་ལས་སོགས་ཀྱི་མི་སྤྱོད་ཁྲོམ་རར་གཞུང་ཞབས་པའི་ལས་མི་བསྡུ་བའི་བྱེད་སྟངས་ལ་དཔེ་བལྟས་ནས་མངོན་ལྐོག་གཉིས་ནས་“ལོ་35ཡི་ཚད་བཀག”གཏན་འཁེལ་བྱས་ཡོད། བྱེད་སྟངས་འདི་རིགས་ཀྱིས་ལོ་35ལས་ཆུང་བའི་མི་ནི“མི་ཤུགས་ཐོན་ཁུངས”ཡིན་པ་དང་ལོ་35ལས་ཆེ་བའི་མི་ནི་ནུས་མེད་དུ་རྩིས་བཞིན་ཡོད།
“ལོ་35ཡི་ཚད་བཀག”མེད་པ་བཟོ་བར་བཅའ་ཁྲིམས་ཐོག་གི་འགོག་རྐྱེན་གང་ཡང་མེད་པར་མ་ཟད། དངོས་ཡོད་ཀྱི་རྨང་གཞིའང་བརྟན་པོ་ཡོད། 《ངལ་རྩོལ་གྱི་བཅའ་ཁྲིམས》དང་ཡང་ན་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་གང་ཞིག་ཡིན་རུང་། ཚང་མས་མི་སྤྱོད་སྡེ་ཚན་གྱིས་ལོ་35ལས་བརྒལ་བའི་ལས་ཀ་འཚོལ་མཁན་བསྡུ་ལེན་བྱེད་མི་ཆོག་པའི་གཏན་འབེབས་གསལ་པོ་བྱས་མེད། དེ་ལས་ལྡོག་སྟེ།《ངལ་རྩོལ་གྱི་བཅའ་ཁྲིམས》ཀྱིས་ཐོག་མཐའ་བར་གསུམ་དུ་ངལ་རྩོལ་པའི་འདྲ་མཉམ་གྱི་ལས་ཞུགས་དབང་ཆ་ལ་ནན་བཤད་དང་སྲུང་སྐྱོབ་བྱེད་པ་དང་། མི་སྤྱོད་སྡེ་ཚན་ལ་ལུགས་མཐུན་མིན་པའི་གདན་ཞུ་ཆ་རྐྱེན་འཛུགས་མི་ཆོག་པའི་བླང་བྱ་བཏོན། དོན་དངོས་སུ། མི་སྤྱོད་སྡེ་ཚན་གྱིས་ལོ་ཚོད་ལ་མཐོང་ཆུང་དང་། ས་གནས་ལ་མཐོང་ཆུང་བྱས་ནས་གྱོད་ཕམ་པར་བཏང་བའི་མི་མང་པོ་ཡོད།
ཕྱོགས་གང་རུང་ཞིག་ནས་བཤད་ནའང་འདྲ།“ལོ་35ཡི་ཚད་བཀག”ནི་གཞུང་ཞབས་པ་བསྡུ་བའི་ཆ་རྐྱེན་བཙན་པོ་ཞིག་ཏུ་འགྱུར་མི་འོས། གཞུང་ལས་མི་སྣ་བསྡུ་བའི་ཐད“ལོ་35ཡི་ཚད་བཀག”མེད་པ་བཟོས་པ་དེས་ཤེས་ལྡན་མི་སྣའི་གདེང་འཇོག་ལམ་སྲོལ་དང་མི་ཤུགས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་བཏང་བར་མ་ཟད། དར་མ་ཚོའི་ལས་ཞུགས་ཀྱི་གནོན་ཤུགས་ཀྱང་ཆུང་དུ་བཏང་བས། དེ་དང་ཆབས་ཅིག་གཞུང་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་སོགས་མི་སྤྱོད་སྡེ་ཁག་གཞན་དག་གིས“ལོ་35ཡི་ཚད་བཀག”མེད་པ་བཟོས་ནས་མི་དར་མའི་མང་ཚོགས་ལ་འདྲ་མཉམ་གྱི་ལས་ཞུགས་དབང་ཆ་ལོངས་སུ་སྤྱོད་རྒྱུ་སྐུལ་ཁྲིད་བྱེད་དགོས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10