ཡེ་མགོན་གྱིས་བསྒྱུར། 2020-12-07
1 གཡོན་ཕྱོགས་ཀྱི་པར་གོང་མ་འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གཡི་སྣ་དཀར་རྩེ་རྫོང་གི་འབྲོག་པ་ཚོས་མཚེའུ་ཡི་ནང་འཁྱག་རོམ་ལ་ཨི་ཁུང་ཕུག་ནས་ཆུ་ལེན་བཞིན་པའི་ཚུལ་རེད། གཡོན་ཕྱོགས་འོག་མའི་པར་འདི་ནི་ལྷོ་ཁ་གྲོང་ཁྱེར་གངས་དཀར་རྫོང་རྣམ་རྒྱལ་ཞོལ་གྲོང་སྡེའི་ཡུལ་མི་ཚོས་རང་འབབ་ཆུ་སྤྱད་རྒྱུ་ལོན་པའི་ཚུལ་རེད། གཡས་ཕྱོགས་ཀྱི་པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གི་བོད་རིགས་བྱིས་པ་ཞིག་གིས་རང་འབབ་ཆུ་འཐུང་བཞིན་པའི་ཚུལ་རེད(དཔྱད་གཞིའི་པར་རིས)།
ཞིང་ཧྭ་གསར་འགྱུར་ཁང་ལྷ་ས་ནས་སྤྱི་ཟླ12པའི་ཚེས1ཉིན་འབྱོར་བའི་གཏམ་གསར། བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་གཞི་གྲངས་ཐོག་ནས་མཚོན་དོན། མིག་སྔའི་བར་བོད་ལྗོངས་སུ་རིམ་རྩིས་བྱས་ན་ཞིང་སྡེའི་ཉེན་མེད་འཐུང་ཆུའི་ལས་གཞི17581སྤུས་དག་བྱས་པ་དང་། ཡིག་ཚགས་བྱང་བུ་བཟོས་པའི་མི་འབོར་དབུལ་པོའི་ཉེན་མེད་འཐང་ཆུའི་གནད་དོན་ཐག་གཅོད་བྱས་མཐར། ཞིང་འབྲོག་མང་ཚོགས་ཁྲི200ལ་དེའི་ནང་ནས་ཕན་པ་ཐོབ་པ་རེད།
བོད་ལྗོངས་ལ་གླིང་ཆེན་ཨེ་ཤ་ཡའི་ཆུ་མཛོད་ཅེས་མཚན་སྙན་ཡོད་མོད། འོན་ཀྱང་ཆུའི་ཐོན་ཁུངས་དོ་མི་མཉམ་པ་དང་ཆུ་བེད་ཀྱི་སྒྲིག་བཀོད་ཞན་པར་བརྟེན། ཞིང་འབྲོག་མང་ཚོགས་ཀྱིས་འཐུང་ཆུ་ལེན་དཀའ་མོ་ཡིན་ཞིང་། ས་གནས་ཁ་ཤས་སུ་ད་དུང་ཆུའི་ནང་སེན་དང་ཧྥུལ་འདུས་ཚད་ཚད་ལས་བརྒལ་བ་དང་ས་ངོས་ཆུའི་ནང་དུག་སྲིན་འདུས་ཚད་ཚད་ལས་བརྒལ་བ་སོགས་ཀྱི་གནད་དོན་ཡོད་པས་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་ཤོས་ཆེ་བ་རེད།
2 པར་གོང་མ་འདི་ནི་བོད་ལྗོངས་ལྷ་མོ་མཚེའུ་ཡུལ་ཤོག་གི་འབྲོག་པ་ཞིག་གིས་ཆུ་ཁར་ཆུ་ལེན་པཞིན་པའི་ཚུལ་རེད(དཔྱད་གཞིའི་པར་རིས)། པར་འོག་མ་འདི་ནི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་བེ་གཞུང་ཡུལ་ཤོག་གི་གཞིས་མི་དབྱངས་ཅན་སྒྲོལ་མས་གྲོང་མདའི་ཉེན་མེད་འཐུང་ཆུའི་ཁྲོན་པ་ནས་ཆུ་ལེན་བཞིན་པའི་ཚུལ་རེད།
2005ལོར་བོད་ལྗོངས་ཀྱིས་ཞིང་སྡེའི་ཉེན་མེད་འཐུང་ཆུའི་ལས་གྲྭ་ལག་ལེན་བྱེད་མགོ་བཙུགས། དབུལ་ཐར་འགག་སྒྲོལ་གྱི་དུང་བརྡ་བཏང་རྗེས། བོད་ལྗོངས་ཀྱིས《2019ལོ་ནས2020ལོ་བར་གྱི་ཞིང་སྡེའི་ཉེན་མེད་འཐུང་ཆུ་སྲ་བརྟན་མཐོར་འདེགས་གཏང་རྒྱུའི་ཇུས་འགོད》ལག་ལེན་བསྟར་བ་དང་། 2016ལོ་ནས2019ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་ཆེད་དོན་གཏོང་འཇོག་བྱས་པའི་མ་དངུལ་སྒོར་དུང་ཕྱུར43.24དོན་འཁྱོལ་བྱས་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་སུན་ཞོན་ཀྲུང་གིས་ངོ་སྤྲོད་བྱས་དོན། བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་དུ་སྔོན་ཆད་གཅིག་འདུས་ཀྱིས་འཐུང་ཆུ་འདོན་སྤྲོད་བྱས་པ་ནས་རང་འབབ་ཆུ་ཐབ་ཚང་དུ་ཁྲིད་པ་དང་། ས་ངོས་ཀྱི་ཆུ་འདོན་སྤྲོད་བྱས་པ་ནས་ས་འོག་གི་ཆུ་འདོན་སྤྲོད་བྱས་པ། དུས་བཀག་ལྟར་འཐུང་ཆུ་འདོན་སྤྲོད་བྱས་པ་ནས་ཉིན་ཧྲིལ་པོར་འཐུང་ཆུ་འདོན་སྤྲོད་བྱས་པའི་ཕྱོགས་སུ་འཕེལ་རྒྱས་བྱུང་ཡོད་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། ཉེ་བའི་ལོ་འདི་དག་གི་རིང་ལ་བོད་ལྗོངས་ཀྱིས་འཐུང་ཆུའི་ནང་ཧྥུལ་གྱི་དུག་ལྷད་པའི་ནད་དུག་ཚོད་འཛིན་བྱས་མཐར། གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་ཁུལ་དུ་བྱིས་པར་ནད་ཕོག་ཚད2000ལོའི་བརྒྱ་ཆ37.86ནས་ད་ལྟ་བརྒྱ་ཆ0.54མར་ཆག་པ་རེད །།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10