སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་ཕྱུག་འགྱུར་ཐབས་ལམ་ཇེ་ཡངས་ནས་ཇེ་ཡངས་སུ་ཕྱིན།

ཡེ་ཤེས་མགོན་པོས་བསྒྱུར།        2020-12-07

ལོ་བཅུ་ཕྲག་ཁ་ཤས་རིང་ལ་འཕེལ་རྒྱས་བཏང་བ་དང་ཁྱད་པར་དུ་དབུལ་ཐར་འགག་སྒྲོལ་གྱི་དུང་བརྡ་བཏང་བ་ནས་བཟུང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ། ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་གྱི་མུ་ལི་བོད་རིགས་རང་སྐྱོང་རྫོང་འདུས་པའི་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ལ་སོགས་པའི་ཁྱབ་ཁོངས་ནང་ཡར་རྒྱས་ཆེན་པོ་བྱུང་ནས་གོམ་སྟབས་གཅིག་གིས་ལོ་སྟོང་བརྒལ་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་བ་རེད།

དབུལ་ཐར་འགག་སྒྲོལ་ལ་གཡུར་ཟའི་འབྲས་བུ་སྨིན་པའི་རྒྱལ་ཁ་ཐོབ།

“ལོ་བཅུའི་སྔོན་དུ་སྔོ་ཚལ་འདི་དག་རིག་ཀྱང་མ་མྱོང་། སྔོ་ཚལ་འདེབས་པར་བརྟེན་ནས་དངུལ་རག་རྒྱུ་ནི་དེ་བས་ཀྱང་བསམ་མ་མྱོང”ཞེས་རྔ་བ་ཁུལ་ཛམ་ཐང་རྫོང་ཟླ་རི་གྲོང་སྡེའི་གཞིས་མི་རིན་ཆེན་དཔལ་གྱིས་སྨྱུག་འཛིན་པར་མྱོང་ཚོར་ཟབ་མོའི་སྐད་ཆ་འདི་བཤད་པ་རེད། རིན་ཆེན་དཔལ་གྱིས་རང་གི་སྡོད་ཁང་རྒྱབ་ཕྱོགས་ན་སྔོ་ཚལ་སྤྱིལ་ཁང་བསྐྲུན་ནས་ཡོང་འབབ་འཕར་སྣོན་བཏང་སྟེ་ལོ་ཁ་ཤས་ནང་ཕྱུག་པོར་ཆགས་པ་རེད།

མཚོ་འཕགས་སྨི་སུམ་སྟོང་ནས་བཞི་སྟོང་བར་ཡོད་པའི་ཛམ་ཐང་རྫོང་ལ་ཆ་བཞག་ནས་བཤད་ན་སྲོལ་རྒྱུན་གྱི་ཞིང་རྨོས་ལོ་ཏོག་ནས་དང་ཞོག་ཁོག་གཙོ་བོ་ཡིན་ཞིང་། དུས་ཡུན་རིང་པོའི་ནང་ས་གནས་དེ་གའི་མི་སེར་ཚོས་སྔོ་ཚལ་བཟའ་རྒྱུ་མི་ལོན་པ། སྔོ་ཚལ་གོང་ཆེ་བ། མཐའ་འཁོབ་ཀྱི་འབྲོག་ཁུལ་དུ་སྔོ་ཚལ་གཏན་ནས་བཟའ་རྒྱུ་མེད་པ་རེད། 2012ལོར་ཛམ་ཐང་རྫོང་གིས“སྔོ་ཚལ་ལྡུམ་རའི”ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་མགོ་བཙུགས་ནས་ཞིང་འབྲོག་མང་ཚོགས་ལ་རང་ཉིད་ཀྱི་ར་སྐོར་ནང་སྔོ་ཚལ་འདེབས་འཛུགས་བྱེད་པར་ཁྲིད་སྟོན་བྱས་མཐར། ས་གནས་དེ་གའི་མང་ཚོགས་ཀྱི་གསོལ་ལྕོག་ཐོག་ཟས་རིགས་ཕུན་སུམ་ཚོགས་པོར་གྱུར་པར་མ་ཟད། རིམ་བཞིན་གྱིས་ནང་ལོགས་ས་ཁུལ་དུ་བཙོང་ནས་ཚང་མ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་འགྲོ་རུ་བཅུག་པ་རེད།

2013ལོའི་ལོ་མཇུག་ལ། སི་ཁྲོན་གྱི་བོད་འབྲེལ་ས་ཁུལ་དུ་མི་འབོར་དབུལ་པོ་ཁྲི36ཡོད་ཅིང་། དབུལ་པོ་བྱུང་ཚད་བརྒྱ་ཆ20.1ལ་ཟིན་པས་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྗིད་པོ་ཡིན་པ་རེད། སི་ཁྲོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་མགོ་ཁྲིད་གཅིག་བོད་འབྲེལ་ས་ཁུལ་གྱི་རྫོང་དབུལ་པོ32ལ་འབྲེལ་བ་བྱེད་མཁན་དུ་གཏན་འཁེལ་བྱས་པའི་དུས་མཚུངས་སུ། གྲོང་སྡེ་དབུལ་པོ་རེ་ལ་འགན་འཁྲིའི་མགོ་ཁྲིད་གཅིག་དང་རོགས་སྐྱོར་སྡེ་ཚན་གཅིག ཧྲུའུ་ཅི་དང་པོ་གཅིག གྲོང་སྡེའི་ནང་བཅའ་སྡོད་བྱེད་པའི་ལས་སྒྲུབ་ཚོགས་ཆུང་གཅིག གྲོང་སྡེའི་ནང་བཅའ་སྡོད་བྱེད་པའི་ཞིང་ལས་ལག་རྩལ་པ་གཅིག་བཅས“གཅིག་ཅན་ལྔའི”རོགས་སྐྱོར་ནུས་ཤུགས་ཡོངས་ཁྱབ་ཏུ་ལག་ལེན་དོན་འཁྱོལ་བྱས་པ་རེད། ཀྲེ་ཅང་དང་ཀོང་ཏུང་།དེ་བཞིན་དུ་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་བྱེད་མཁན་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར66བཏང་ནས་སི་ཁྲོན་བོད་འབྲེལ་ས་ཁུལ་དབུལ་ཐར་འགག་སྒྲོལ་བྱུང་བར་སྐུལ་འདེད་གཏོང་རོགས་བྱས་པ་རེད།

2019ལོའི་ལོ་མཇུག་ལ་སླེབས་དུས་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་ཡིག་ཚགས་བྱང་བུ་བཟོས་པའི་མི་འབོར་དབུལ་པོ2422ཀྱི་མར་ཆག་པ་དང་དབུལ་པོ་བྱུང་ཚད་བརྒྱ་ཆ0.1གི་ཐོག་མར་ཆག་ཡོད་པ་རེད།

རིག་སྟོབས་ངར་ཤུགས་གཅིག་འདུས་བྱས་ནས་དབུལ་པོ་ཕྱིར་ལྡོག་རྩ་གཅོད་བྱེད།

སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་གསེས་ཅོ་གྲོང་སྡེ་ནས་འོངས་པའི་བུ་མོ་ཞའོ་ཧྥང་ནི་སི་ཁྲོན་ཞིང་ཆེན་གྱིས་ལག་ལེན་བསྟར་བའི"9+3"གྱི་སློབ་ཡོན་མི་དགོས་པའི་ལས་རིགས་སློབ་གསོའི་འཆར་གཞིའི་ནང་ཐེངས་དང་པོར་སློབ་མཐར་ཕྱིན་པའི་སློབ་མ་ཡིན་ཞིང་། དེང་སང་ཁྲེང་ཏུའུ་ས་འོག་ལྕགས་ལམ་གྱི་ལམ་ཐིག་བདུན་པའི་ཁ་ལོ་བ་ཞིག་ཡིན་པ་རེད། ཞའོ་ཧྥུང་གིས་ང་དང་སློབ་གྲོགས་ནི་སྐལ་བ་བཟང་པོ་ཐོབ་པའི་མི་རབས་ཡིན་ཞིང་། "9+3"གྱི་སློབ་ཡོན་མི་དགོས་པའི་ལས་རིགས་སློབ་གསོའི་འཆར་གཞིའི་ནང་ཞུགས་ནས་རི་ཁུག་ནས་ཡངས་པའི་ཀླུང་ཐང་དུ་སླེབས་པ་རེད་ཅེས་ཡི་རང་བའི་ངང་ནས་དེ་ལྟར་བཤད་པ་རེད།

"9+3"ནི་འོས་འབབ་སློབ་གསོ་ལོ9ཡི་ཐོག་སློབ་ཡོན་མི་དགོས་པའི་ལས་རིགས་སློབ་གསོ་ལོ3བསྣན་པར་ཟེར། སི་ཁྲོན་ཞིང་ཆེན་གྱིས་གསར་གཏོད་རང་བཞིན་གྱི་མི་རིགས་ས་ཁུལ་ལ་ལག་ལེན་བྱས་པའི་སློབ་ཡོན་མི་དགོས་པའི་ལས་རིགས་སློབ་གསོའི་འཆར་གཞི་ཡིན་པ་རེད། 2009ལོར་འཆར་གཞི་འདི་ལག་ལེན་བསྟར་བའི་ལོ་དེར་དཀར་མཛེས་ཁུལ་ནས་འོངས་པའི་སློབ་མ300སི་ཁྲོན་ནང་ལོགས་ས་ཁུལ་གྱི"9+3"གྱི་ཚོད་ལྟ་སློབ་གྲྭ5ཡི་ནང་ཞུགས་པ་རེད། ལོ་དེའི་སྟོན་ཁར་ནང་ལོགས་ས་ཁུལ་གྱི་རྩེ་གྲའི་འབྲིང་རིམ་ལས་རིགས་སློབ་གྲྭ90ཡིས་དཀར་མཛེས་དང་རྔ་བ། ལིའང་ཧྲན་བཅས་རང་སྐྱོང་ཁུལ་གསུམ་ནས་འོངས་པའི་སློབ་མ་ཁྲི་ལ་ཟིན་པ་བསྡུ་ལེན་བྱས་ཡོད་པ་རེད།

ལོ10ཡི་རིང་ལ་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར20.73བཏང་ནས"9+3"གྱི་སློབ་ཡོན་མི་དགོས་པའི་ལས་རིགས་སློབ་གསོའི་འཆར་གཞིའི་ནང་སྤྱད་པ་དང་། ནང་ལོགས་ས་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གྲྭ100ལྷག་གིས་སྔོན་རྗེས་སུ་སློབ་ཁྲིད་ལས་འགན་ཁུར་ནས་རིམ་རྩིས་བྱས་ན་སློབ་མ་ཁྲི8ལྷག་བསྡུ་ལེན་བྱས་པའི་ནང་ནས་ཁྲི5ནི་བོད་འབྲེལ་ས་ཁུལ་ནས་འོངས་པའི་སློབ་མ་ཡིན་པ་རེད། སློབ་མ་འདི་དག་སློབ་མཐར་ཕྱིན་རྗེས་ལས་ཞུགས་བྱེད་ཚད་བརྒྱ་ཆ98ཡན་ཆད་སྲུང་འཛིན་བྱས་ཡོད་པ་རེད། །

  • ལེ་ཚན་སྔོན་མ།:ལམ་བར་དུ་སྐད་ཆ་འདི་འདྲ་བཤད་མཁན་འཕྲད་དུས་ཡིད་གཟབ་མཛོད།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་ཁྲི200ཡི་ཉེན་མེད་འཐུང་ཆུའི་གནད་དོན་ཐག་གཅོད་བྱས།
  • དོ་སྣང་ཆེ་བའི་རྩོམ།