ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སེང་གི་ནང་དུ་རིག་གནས་ཀྱི་ཡིད་རྟོན་བརྟན་པོར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས་པ་གསུངས།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2017-10-18

  

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ10པའི་ཚེས18ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སེང་གི་ནང་དུ་རིག་གནས་ཀྱི་ཡིད་རྟོན་བརྟན་པོར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས་པར་བཏོན་གནང་བ་རེད།

    ཁོང་གིས་རིག་གནས་ཀྱི་ཡིད་རྟོན་ཆེན་པོ་དང་རིག་གནས་དར་ཞིང་རྒྱས་པ་ཞིག་མེད་ན་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡང་མེད་པ་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་འགྲོ་ལམ་རྒྱུན་འཁྱོངས་བྱ་དགོས་ཤིང་མི་རིགས་ཡོངས་ཀྱི་རིག་གནས་གསར་སྐྲུན་དང་གསར་བཟོའི་གསོན་ཤུགས་བསླངས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གི་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ལྔ་ལྷག་གི་ལོ་རྒྱུས་ཀྱིས་གསོ་སྐྱོང་བྱས་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལས་བྱུང་ཞིང་། ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་གསར་བརྗེ་དང་། འཛུགས་སྐྲུན། བཅོས་བསྒྱུར་བཅས་ཀྱི་ཁྲོད་དུ་གསར་སྐྲུན་བྱས་པའི་གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་ཁྲོད་དུ་གནས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ཁྲོད་དུ་རྐང་ཚུགས་ཡོད་པ་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་ཞེས་པ་ནི་མར་ཁེ་སིའི་རིང་ལུགས་ཀྱིས་མཛུབ་སྟོན་བྱས་ཤིང་། ཀྲུང་ཧྭ་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་ཅིང་། དེང་རབས་ཀྲུང་གོའི་དངོས་ཡོད་གནས་ཚུལ་ལ་དམིགས་པ་དང་། ད་ལྟའི་དུས་རབས་ཀྱི་ཆ་རྐྱེན་དང་ཟུང་འབྲེལ་བྱེད་པ། དེང་རབས་ཅན་དང་འཛམ་གླིང་། འབྱུང་འགྱུར་བཅས་ལ་ཁ་ཕྱོགས་པ་དང་། མི་རིགས་དང་ཚན་རིག  ཡོངས་ཁྱབ་བཅས་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་མཐུན་སྦྱོར་ངང་འཕེལ་རྒྱས་གཏང་དགོས། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བ། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་། གསར་གཏོད་རང་བཞིན་གྱིས་བསྒྱུར་བ་དང་འཕེལ་རྒྱས་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ་རྒྱུན་ཆད་མེད་པར་ཀྲུང་ཧྭའི་རིག་གནས་ལ་འོད་སྟོང་གསར་པ་འཕྲོ་རུ་འཇུག་དགོས།

    གཅིག་ནི་འདུ་ཤེས་འཛིན་སྟངས་ཐད་ཀྱི་ལས་ཀའི་འགོ་ཁྲིད་བྱེད་དབང་དམ་པོར་འཛིན་དགོས། ངེས་པར་དུ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། ཡོངས་ཁྱབ་ཅན་དུ་སྐུལ་འདེད་གཏོང་ཞིང་། གོང་བུ་འགྲིལ་ཤུགས་དང་སྣེ་ཁྲིད་བྱེད་ཤུགས་ཡོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་བྱས་ཏེ་མི་དམངས་ཡོངས་རྫོགས་ཀྱི་ཕུགས་འདུན་དད་སེམས་དང་རིན་ཐང་འདུ་ཤེས། ཀུན་སྤྱོད་ལྟ་བ་བཅས་མཐུན་སྒྲིལ་དམ་པོར་ཡོང་བར་བྱ་དགོས། རིགས་གཞུང་གིས་དྲག་ཆས་སྤྲས་ཤུགས་ཆེ་རུ་བཏང་སྟེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མིའི་སེམས་སུ་འཇགས་པར་སྐུལ་འདེད་གཏང་དགོས། མར་ཁེ་སིའི་རིགས་གཞུང་ལ་ཞིབ་འཇུག་དང་འཛུགས་སྐྱོང་བྱེད་ཚད་ཟབ་སྤེལ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛུགས་སྐྱོང་ཇེ་མགྱོགས་སུ་གཏང་དགོས། བརྒྱུད་བསྒྲགས་བྱེད་ཐབས་འཛུགས་སྐྱོང་དང་གསར་གཏོད་བྱེད་པར་མཐོང་ཆེན་མཐོན་པོར་བྱས་ཏེ་གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་བསྒྲགས་བྱེད་ཤུགས་དང་། སྣེ་ཁྲིད་བྱེད་ཤུགས། ཤུགས་རྐྱེན་ཐེབས་ཤུགས། སྤྱིའི་ཡིད་རྟོན་བྱེད་ཤུགས་བཅས་ཇེ་ཆེར་གཏང་དགོས། འབྲེལ་དྲའི་ནང་དོན་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ་དྲ་བའི་ཕྱོགས་འདུས་བཅོས་སྐྱོང་མ་ལག་བཙུགས་ཏེ་དྲ་བའི་བར་སྟོང་གི་ཁོར་ཡུག་དྭངས་སངས་ཤིག་བསྐྲུན་དགོས།  འདུ་ཤེས་འཛིན་སྟངས་ཐད་ཀྱི་ལས་ཀའི་འགན་འཁྲི་ལམ་ལུགས་དོན་འཁྱོལ་བྱེད་ཅིང་། ལས་གནས་དང་པོའི་གཡུལ་ས་འཛུགས་སྐྱོང་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་རྩ་དོན་གྱི་གནད་དོན་དང་བསམ་བློའི་ངོས་འཛིན་གྱི་གནད་དོན། རིག་གཞུང་ལྟ་བའི་གནད་དོན་བཅས་དབྱེ་འབྱེད་བྱེད་པར་དོ་གཟབ་བྱས་ཏེ་ལྟ་བ་གསལ་སྟོན་གྱིས་ལྟ་ཚུལ་ནོར་འཁྲུལ་ཅན་སྣ་ཚོགས་ལ་ངོ་རྒོལ་དང་བཀག་བསྡོམས་བྱ་དགོས།

    གཉིས་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱ་དགོས། མི་རིགས་བསྐྱར་དར་ཀྱི་འགན་ཆེན་འཁུར་ཕོད་པའི་དུས་རབས་གསར་པའི་མི་གསོ་སྐྱོང་བྱ་རྒྱུར་དམིགས་ནས་སློབ་གསོ་སྣེ་ཁྲིད་དང་ལག་ལེན་གོམས་གཤིས། ལམ་ལུགས་འགན་སྲུང་བཅས་ཀྱི་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བས་རྒྱལ་དམངས་སློབ་གསོ་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་། བསམ་པའི་རིག་གནས་ཐོན་རྫས་གསར་སྐྲུན། ཐོན་སྐྱེད། བརྒྱུད་བསྒྲགས་བཅས་ཀྱི་ཐད་བཏོན་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་འདྲིས་སུ་བཅུག་ནས་མི་རྣམས་ཀྱི་བསམ་པའི་ངོས་ལེན་དང་བྱ་སྤྱོད་ཀྱི་གོམས་སྲོལ་དུ་བསྒྱུར་དགོས། དམངས་ཡོངས་མཉམ་འགུལ་དང་ལས་བྱེད་པས་སྣེ་ཁྲིད་བྱེད་པ། ཁྱིམ་ཚང་ནས་བསྒྲུབ་འགོ་ཚུགས་ཤིང་ཕྲུ་གུ་ནས་དམ་འཛིན་བྱ་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་དུ་གནས་པའི་བསམ་བློའི་འདུ་ཤེས་དང་མི་རིག་སྙིང་སྟོབས། ཀུན་སྤྱོད་སྒྲིག་ལམ་བཅས་སྔོག་འདོན་གདིང་ཟབ་བྱེད་ཅིང་དུས་རབས་ཀྱི་དགོས་མཁོ་དང་ཟུང་དུ་འབྲེལ་ནས་རྒྱུད་འཛིན་གསར་གཏོད་བྱས་ཏེ་ཀྲུང་ཧྭ་རིག་གནས་ཀྱི་ཉམས་པ་མེད་པའི་ཡིད་དབང་འཕྲོག་ཤུགས་དང་དུས་རབས་ཀྱི་བརྗིད་ཉམས་ཡོངས་སུ་མཚོན་དགོས།

    གསུམ་ནི་བསམ་བློའི་ཀུན་སྤྱོད་འཛུགས་སྐྱོང་བྱ་དགོས། མི་དམངས་ལ་དད་པ་ཡོད་ན་རྒྱལ་ཁབ་ལ་སྟོབས་ཤུགས་ཡོད་ཅིང་མི་རིགས་ལ་རེ་བ་ཡོད་པ་རེད། མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་ཀུན་སྤྱོད་ཆུ་ཚད། དཔལ་ཡོན་བྱང་ཚད་བཅས་ཇེ་མཐོར་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་དར་ཚད་ཇེ་མཐོར་གཏང་དགོས། ཕུགས་འདུན་དང་དད་སེམས་ཀྱི་སློབ་གསོ་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཟབ་སྤེལ་བྱེད་ཅིང་། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་བཅས་བྱེད་ཤུགས་ཇེ་ཆེར་བཏང་ནས་མི་རྣམས་ཀྱིས་ཡང་དག་པའི་ལོ་རྒྱུས་ཀྱི་འདུ་ཤེས་དང་མི་རིགས་ཀྱི་འདུ་ཤེས། རྒྱལ་ཁབ་ཀྱི་འདུ་ཤེས། རིག་གནས་ཀྱི་འདུ་ཤེས་བཅས་ཡག་པོར་བཅང་པར་ཁྲིད་སྟོན་བྱ་དགོས། སྤྱི་འབངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལས་གྲྭ་ལག་ལེན་ཟབ་སྤེལ་བྱས་ཏེ་མི་རྣམས་ཀྱིས་ཡ་རབས་དགེ་སྤྱོད་དང་རྒན་བཀུར་གཉེན་སྐྱོང་། མེས་རྒྱལ་དང་མི་དམངས་ལ་བློ་སེམས་དཀར་བ་བྱ་རྒྱུར་སྐུལ་མ་བྱ་དགོས། བསམ་བློ་ཆབ་སྲིད་ལས་ཀར་ཤུགས་སྣོན་དང་བསྒྱུར་བཀོད་བྱས་ཏེ་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་འཛུགས་བྱེད་སྒོ་ཟབ་སྤེལ་བྱ་དགོས། ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་ཞིང་གོམས་སྲོལ་སྒྱུར་བ་དང་དུས་རབས་ཀྱི་དར་སྲོལ་གསར་པ་སྤེལ་བའི་བྱ་སྤྱོད་སྤེལ་ཏེ་རྙིང་ཞེན་རྗེས་ལུས་རིག་གནས་ཀྱིས་གནོད་འཚེ་ཐེབས་པར་བཀག་སྡོམ་བྱ་དགོས། ཁ་དན་ཚིག་གནས་འཛུགས་སྐྱོང་དང་དང་བླངས་པའི་ཞབས་ཞུ་ལམ་ལུགས་ཅན་དུ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་དང་སྒྲིག་ལམ་འདུ་ཤེས། བློས་འབུལ་འདུ་ཤེས་བཅས་ཇེ་དྲག་ཏུ་གཏང་དགོས།

    བཞི་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་འཕེལ་རྒྱས་དར་སྤེལ་གཏང་དགོས། རིག་རྩལ་གསར་རྩོམ་དར་རྒྱས་གཏོང་བ་དང་། བསམ་བློ་གདིང་ཟབ་ཅིང་སྒྱུ་རྩལ་རྩེར་སོན་པ། སྒྲིག་བཟོ་སྤུས་དག་པ་བཅས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་ཅིང་། དངོས་ཡོད་བརྗོད་གཞིའི་གསར་རྩོམ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱུན་ཆད་མེད་པར་ཏང་དང་མེས་རྒྱལ། མི་དམངས། དཔའ་བོ་བཅས་ལ་བསྟོད་བསྔགས་བྱེད་པའི་བརྩམས་ཆོས་སྤུས་དག་བརྩམ་དགོས། རིག་གཞུང་དམངས་གཙོ་དང་སྒྱུ་རྩལ་དམངས་གཙོ་དར་སྤེལ་བཏང་ནས་རིག་རྩལ་གྱི་མ་རྩོམ་ནུས་པ་ཇེ་ཆེར་གཏོང་བ་དང་རིག་རྩལ་གསར་གཏོད་ལ་སྐུལ་འདེད་གཏང་དགོས། སྤུས་ཚད་ཡོད་པ་དང་ཁྱད་ཆོས་ཡོད་པ། འགན་འཁྲི་ཡོད་པ་བཅས་ལ་དང་དོད་བྱ་རྒྱུར་དར་སྤེལ་གཏོང་བ་དང་། མ་རབས་དང་ཐ་ཤལ། ཁྲེལ་མེད་བཅས་ལ་བཀག་སྡོམ་བྱ་དགོས། རིག་རྩལ་གྱི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ལྡན་གྱི་མཁས་ཆེན་ཁག་ཅིག་སྐྱོང་བ་དང་ཆུ་ཚད་མཐོ་བའི་གསར་རྩོམ་གྱི་ཤེས་ལྡན་མི་སྣ་ཚན་པ་འབོར་ཆེན་ཞིག་བསྐྱང་དགོས།

    ལྔ་ནི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། མི་དམངས་ཀྱིས་འཚོ་བ་སྐྱིད་པོར་རོལ་བའི་རེ་སྨོན་གསར་པ་བསྐངས་ཏེ་ངེས་པར་དུ་བསམ་པའི་ཟས་མཆོག་ཕུན་སུམ་ཚོགས་པོ་མཁོ་འདོན་བྱ་དགོས། རིག་གནས་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱེད་ཅིང་རིག་གནས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་སྔོན་དུ་བཞག་ཅིང་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་གཅིག་གྱུར་ཡོང་བའི་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་པོར་འཛུགས་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་གནས་དམངས་ཕན་ལས་གྲྭ་ལག་ལེན་ཟབ་སྤེལ་བྱས་ཏེ་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་པོར་གཏང་དགོས། རིག་རྫས་སྲུང་སྐྱོང་དང་བེད་སྤྱོད། རིག་གནས་ཤུལ་རྫས་སྲུང་སྐྱོང་དང་རྒྱུད་འཛིན་བཅས་ཀྱི་བྱེད་ཤུགས་ཇེ་ཆེར་གཏང་དགོས། དེང་རབས་རིག་གནས་ཐོན་ལས་མ་ལག་དང་ཁྲོམ་རའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཐོན་སྐྱེད་བདག་གཉེར་གྱི་ནང་སྲོལ་གསར་གཏོད་བྱེད་ཅིང་། རིག་གནས་དཔལ་འབྱོར་གྱི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ་རིག་གནས་ཀྱི་ལས་རྣམ་གསར་པ་གསོ་སྤེལ་བྱ་དགོས། དམངས་ཡོངས་ཀྱིས་ལུས་ཁམས་གསོ་བའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཞིང་། པེ་ཅིན་ལ་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་འཚོག་པར་སྒྲིག་འཛུགས་ཡག་པོ་བྱ་དགོས། ཀྲུང་གོ་དང་ཕྱི་རྒྱལ་བར་གྱི་མི་རིག་ཐད་ཀྱི་སྤེལ་རེས་བྱེད་ཤུགས་ཇེ་ཆེར་བཏང་སྟེ་རང་ཉིད་གཙོ་བོར་བྱེད་ཐོག་དངོས་རིགས་ཀུན་གསོག་བྱ་དགོས། རྒྱལ་སྤྱིའི་བརྒྱུད་བསྒྲགས་ནུས་པའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་གཏམ་རྒྱུད་ཡག་པོར་བཤད་དེ་དྲང་བདེན་དང་གནས་མང་། ཕྱོགས་མང་བཅས་ཀྱི་ཀྲུང་གོ་ཞིག་མངོན་པར་བྱས་ཏེ་རྒྱལ་ཁབ་ཀྱི་རིག་གནས་འཇམ་ཤུགས་ཇེ་ཆེར་གཏང་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མི་དང་ཀྲུང་གོ་མི་དམངས་ཀྱིས་ངེས་པར་དུ་རིག་གནས་ཀྱི་འགན་འཁྲི་གསར་པ་འཁུར་དགོས་ཤིང་ཁུར་ཀྱང་ཐུབ་ངེས་རེད། ལག་ལེན་གསར་སྐྲུན་གྱི་ཁྲོད་དུ་རིག་གནས་གསར་སྐྲུན་བྱ་རྒྱུ་དང་ལོ་རྒྱུས་ཀྱི་གོང་འཕེལ་ཁྲོད་དུ་རིག་གནས་ཡར་ཐོན་ཡོང་བར་བྱ་དགོས།། 


  • ལེ་ཚན་སྔོན་མ།:ཧ་ལས་པའི་ཀྲུང་གོའི་ཚན་རྩལ་གྲུབ་འབྲས་ཆེན་པོ་དགུ།
  • ལེ་ཚན་རྗེས་མ།:ཞི་ཅིང་ཕིང་གི་དམངས་སེམས་འགུག་པའི་གསུང་ཚིག་བཅུ་དགུ།
  • དོ་སྣང་ཆེ་བའི་རྩོམ།