ཡེ་ཤེས་ཀྱིས་བསྒྱུར། 2017-09-29
ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་བ9པའི་ཚེས18ཉིན་འབྱོར་བའི་གཏམ་གསར། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི《དཀའ་ངལ་ཡོད་པའི་བྱིས་པར་འགན་སྲུང་བྱེད་པའི་ལས་དོན་ལ་ཤུགས་བརྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ནང་བཏོན་དོན། ཟླ་བ9པའི་ཚེས18ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་དཀའ་ངལ་ཡོད་པའི་བྱིས་པའི་གཞི་རྩའི་འཚོ་བ་དང་། སྨན་བཅོས། སློབ་གསོ་བཅས་འགན་སྲུང་བྱ་རྒྱུར་ཤུགས་བརྒྱག་རྒྱུ་རེད། དཀའ་ངལ་ཡོད་པའི་བྱིས་པ་ནི་ཁྱིམ་ཚང་དབུལ་པོ་ཡིན་པའི་རྐྱེན་གྱིས་འཚོ་བ་དང་། སྨན་བཅོས། སློབ་སྦྱོང་སོགས་ལ་དཀའ་ངལ་བཟོས་པའི་བྱིས་པ་དང་། ཆུང་དུས་ནས་དབང་པོ་སྐྱོན་ཅན་ཡིན་པས་བདེ་ཐང་དང་། བདག་སྐྱོང་། ནད་གཡོག སྤྱི་ཚོགས་སུ་ཞུགས་དཀའ་བ་སོགས་ཀྱི་དཀའ་ངལ་ཡོད་པའི་བྱིས་པ་འདུས་པ་རེད།
བསམ་འཆར་དེར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ནད་གཞི་ལྗིད་པོ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་ཡིན་པའི་བྱིས་པ་ཚོའི་སྨན་བཅོས་རོགས་སྐྱོར་རྩིས་ཞུ་བྱེད་པའི་བསྡུར་ཚད་དེ་སྔོན་མའི་རོགས་སྐྱོར་ཚད་གཞིའི་རྨང་གཞིའི་ཐོག་བརྒྱ་ཆ10མཐོ་རུ་གཏང་རྒྱུ་དང་། རྩིས་ཞུ་བྱེད་ཚད་མཐོ་ཤོས་སྒོར་ཁྲི6བར་མཐོ་རུ་གཏང་རྒྱུ་ཡིན་པ་རེད། དམིགས་གསལ་དཀའ་ངལ་ཡོད་པའི་མི་སྣ་རོགས་སྐྱོར་བྱེད་ཁུངས་སུ་བཅུག་པའི་བྱིས་པ་ལ་མཚོན་ན། དེ་ཚོ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོས་འགན་སྲུང་ནང་ཞུགས་དུས་མི་སྒེར་ཀྱིས་སྤྲད་དགོས་པའི་གྲོན་དངུལ་ཚང་མ་རོགས་སྐྱོར་བྱེད་པར་ལོངས་སུ་སྤྱོད་ཆོག་པའི་དུས་མཚུམས་སུ། ཞིང་ཆེན་དེའི་ཁྱིམ་ཚང་དབུལ་པོའི་བྱིས་པ་དང་དབང་པོ་སྐྱོན་ཅན་གྱི་བྱིས་པར་ལོ15ཡི་རིང་ལ་སློབ་ཡོན་མི་དགོས་པའི་སློབ་གསོ་ལོངས་སུ་སྤྱོད་ཆོག་པ་དང་སྔོན་སྦྱོང་དང་། སློབ་ཆུང་། སློབ་འབྲིང་གི་སློབ་གསོ་བཅས་འདུས་ཡོད།
གཞི་རྩའི་འཚོ་བར་འགན་སྲུང་བྱ་རྒྱུའི་ཐད། བསམ་འཆར་ནང་གནས་ཚུལ་མི་འདྲ་བའི་དཀའ་ངལ་ཡོད་པའི་བྱིས་པར་རོགས་སྐྱོར་བྱ་རྒྱུའི་ཚད་གཞི་གཏན་འབེབས་གསལ་པོ་བྱས་ཡོད་པ་སྟེ། དཔེར་ན་ངལ་རྩོལ་བྱེད་ནུས་མེད་མཁན་དང་། འཚོ་རྟེན་གྱི་འབྱུང་ཁུངས་མེད་མཁན། ཁྲིམས་བཀོད་ཀྱི་གསོ་རྟེན་བྱེད་མཁན་ལ་གསོ་རྟེན་བྱེད་ནུས་མེད་པའི་ལོ་ན16མ་སོན་པའི་བྱིས་པ་ནི་དམིགས་གསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོར་དང་བསྙེན་བཀུར་བྱེད་པའི་ཁྱབ་ཁོངས་ནང་འཇོག་ཆོག་པ་རེད། དམིགས་གསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་དང་མ་མཐའི་འཚོ་རྟེན་འགན་སྲུང་ཁྱབ་ཁོངས་ནང་འཇོག་མེད་པའི་དཀའ་ངལ་ཡོད་བྱིས་པ་གཞན་དག་ཀྱང་འཚོ་བའི་རོགས་སྐྱོར་མ་དངུལ་ལོངས་སུ་སྤྱོད་ཆོག་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10