ཡེ་ཤེས་ཀྱིས་བསྒྱུར། 2017-09-29
ཟླ་བ9པའི་ཚེས17ཉིན་གྱི་མཚན་མོར། 2017ལོའི་སི་ཁྲོན་གྱི་ལྷ་མོ་ཟློས་གར་གསར་གཏོད་དང་འཕེལ་རྒྱས་ཀྱི་བྱེད་སྒོ་རབ་དང་རིམ་པ་དེ་དར་མདོའི་ཟློས་གར་ཁང་དུ་སྤེལ་འགོ་བཙུགས། གསེར་ཐར་རྫོང་གི་ལྷ་མོ་ཟློས་གར་ཚོགས་པས་གེ་སར་ཟློས་གར་ནང་གི《རྟ་རྒྱུག་རྒྱན་འཇོག》འཁྲབ་པ་རེད། ཐེངས་འདིར་འཁྲབ་སྟོན་བྱེད་པ་ནི་རང་ཁུལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུ་བ་དང་དམངས་ཕན་འཁྲབ་སྟོན་གྱི་བྱེད་སྒོ་རབ་དང་རིམ་པའི་ཡ་གྱལ་རེད།
འཁྲབ་སྟོན་ནང་གསེར་ཐར་རྫོང་ལྷ་མོ་ཟློས་གར་ཚོགས་པས་ལྷ་མོ་ཟློས་གར《རྟ་རྒྱུག་རྒྱན་འཇོག》ནང་གི་རྟ་རྒྱུག་འགྲན་བསྡུར་གྱི་དོན་ཆེན་གྲོས་བསྡུར་དང་གླིང་གི་རྟ་རྒྱུག ཁྲི་གསོལ་གྱི་དགའ་སྟོན་བཅས་འཁྲབ་ཚན་ལེའུ་གསུམ་འདི་ཆ་ཚང་བ་འཁྲབ་པ་རེད། འཁྲབ་སྟོན་པ་ཚོས་སྤུས་ཀ་ཅན་གྱི་འཁྲབ་ཆས་སྤྱོད་པ་དང་ཕུལ་བྱུང་གི་འཁྲབ་རྩལ་དང་ཟབ་པའི་བརྩེ་དུང་མཚོན་པའི་ཐོག་ནས་ལོ་ན་གཞོན་པའི་དུས་ཀྱི་གེ་སེར་གྱིས་རྟ་རྒྱུག་འགྲན་བསྡུར་བྱས་པར་བརྒྱུད་མཐའ་གཏུག་ཁྲི་ལ་གསོལ་བའི་བརྒྱུད་རིམ་ཧྲིལ་པོ་གསོན་ཉམས་ལྡན་པའི་ངང་མི་ཚོར་མངོན་པའི་དུས་མཚུམས་སུ། གེ་སར་རྒྱལ་པོའི་དུས་སུ་བོད་མི་རིགས་ཀྱི་སྐུ་དྲག་ཚོའི་གསོལ་སྟོན་དང་། གོས་རྒྱན། བཟའ་བཏུང་། གཉེན་སྲོལ། གུས་སྲོལ་བཅས་ཀྱི་རིག་གནས་གཅིག་སྡུད་ཀྱིས་མཚོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་སི་ཁྲོན་གྱི་ལྷ་མོ་ཟློས་གར་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་ནི་ཞིང་ཆེན་རིག་གནས་ཐིང་དང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་རེད། རང་རེའི་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་གཏིང་ཟབ་མོ་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏང་རྒྱུའི་སྐོར་གྱི་མཛུབ་སྟོན་དོན་འཁྱོལ་ཏན་ཏིག་བྱེད་པའི་བྱེད་ཐབས་ཞིབ་ཕྲ་ཞིག་རེད། བྱེད་སྒོ་རབ་དང་རིམ་པའི་ནང་གཙོ་བོ་ལྷ་མོ་ཟློས་གར་འཁྲབ་པ་དང་། ལྷ་མོ་ཟློས་གར་གྱི་རིག་གནས་འཚོལ་བསྡུ་དང་བརྟག་དཔྱད་ཞིབ་འཇུག སི་ཁྲོན་ཞིང་ཆེན་གྱི་ལྷ་མོ་ཟློས་གར་གསར་གཏོད་དང་འཕེལ་རྒྱས་གཏང་རྒྱུའི་བགྲོ་གླེང་བྱེད་པ་སོགས་ཁག་གསུམ་འདུས་ཡོད། ཟླ་བ9པའི་ཚེས17ནས་ཚེས22ཉིན་བར། རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པའི་ཟློས་གར་གྱི་རིགས་པའི་གཞུང་ལུགས་པ་དང་། འཁྲབ་གཞུང་རྩོམ་པ་པོ། ཞིང་ཆེན་དང་ཁུལ་གྱི་ལྷ་མོ་ཟློས་གར་ལས་དོན་གཉེར་མཁན་སོགས་མི30ལས་གྲུབ་པའི་ཆེད་རམས་པའི་ཚོགས་པ་དེ་རང་ཁུལ་གྱི་དར་མདོ་དང་། ཉག་ཆུ་ཁ། འབའ་ཐང་སོགས་རྫོང་དུ་ཕྱིན་ནས་ལྷ་མོ་ཟློས་གར་ལ་བརྟག་དཔྱད་ཞིབ་འཇུག་དང་ཞིབ་འཇུག་བགྲོ་གླེང་བྱེད་པའི་བྱེད་སྒོ་སྤེལ་བ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10