ཀྲུང་གོ་བོད་ཀྱི་དྲ་བ། 2017-07-19
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་བཅུ་བདུན་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་ལས་ཁུངས་ཡོད་སའི་པུའུ་ལུའུ་སེར་ནས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་ནས་འབུད་པའི་གྲོས་མོལ་སྐོར་ཐེངས་གཉིས་པ་སྤེལ། རྗེས་ཕྱོགས་ཀྱི་ཉིན་བཞིའི་ནང་ཕྱོགས་གཉིས་ཀྱིས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་ནས་འབུད་པའི་འགྲོ་སོང་དང་སྤྱི་དམངས་ཀྱི་ཁེ་དབང་། ཨེར་ལེན་བྱང་མའི་མཐའ་མཚམས་ཀྱི་བཀོད་སྒྲིག་སོགས་གྲོས་གཞི་གཙོ་བོའི་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད།
ཐེངས་འདིའི་གྲོས་མོལ་ལ་མཐུན་སྦྱོར་པའི་གྲོས་ཚོགས་དང་གྲོས་མོལ་ཚན་ཆུང་གི་གྲོས་ཚོགས་རིམ་པ་གཉིས་སུ་བགར་ཡོད། དེའི་ནང་དུ་སྤྱི་དམངས་ཀྱི་ཁེ་དབང་དང་ནོར་སྲིད་ཞིབ་རྩིས། ད་དུང་གྲོས་གཞི་མནའ་འབྲེལ་གྱི་ཁོངས་ནས་འབུད་པའི་གྲོས་གཞི་གཞན་དག་བཅས་གྲོས་མོལ་ཚན་ཆུང་གསུམ་ལ་སྤྲད་ནས་གྲོས་སྡུར་བྱེད་རྒྱུ་ཡིན་པ་དང་། ཨེར་ལན་བྱང་མའི་མཐའ་མཚམས་ཀྱི་བཀོད་སྒྲིག་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་ནས་འབུད་པའི་གྲོས་ཆོད་ལྟ་སྐུལ་དོ་དམ་གྲོས་གཞི་ནི་མཐུན་སྦྱོར་པའི་གྲོས་ཚོགས་ལ་གྲོས་སྡུར་ལ་སྤྲད་ནས་གྲོས་སྡུར་བྱེད་རྒྱུ་རེད།
ཐེངས་འདིའི་གྲོས་མོལ་ནི་ཕྱོགས་གཉིས་ཀྱི་ངོ་བོ་རང་བཞིན་གྱི་གྲོས་མོལ་གལ་ཆེན་ཞིག་ཡིན་པས་ཕྱི་ཕྱོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། དེ་ལས་ཀྱང་ཚང་མས་དོ་སྣང་ཆེས་ཆེན་པོ་བྱེད་ཡུལ་ནི་ཕྱོགས་གཉིས་ཀྱིས་འགལ་བ་སེལ་ཐུབ་མིན་དང་གྲོས་གཞི་གཙོ་བོའི་ཐད་ནས་བརྒལ་གཏོར་བྱེད་ཐུབ་མིན་དེ་རེད། དབྱེ་ཞིབ་མི་སྣར་ཡོངས་ཁྱབ་ཀྱིས་བལྟས་ན། ཕྱོགས་གཉིས་ཀྱི་གྲོས་གཞི་གཙོ་བོའི་ཐད་ཀྱི་འགལ་བ་རྒྱུན་ཆད་མེད་ཇེ་ཆེར་འགྲོ་བཞིན་པས། ཐེངས་འདིའི་གྲོས་མོལ་ལ་དཀའ་ངལ་ཅུང་ཆེ་བར་འདོད། དེ་དང་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་ནས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་ནས་འབུད་པའི་གནད་དོན་ཐད་ཀྱི་ལངས་ཕྱོགས་གཅིག་མཐུན་དུ་འགྱུར་བཞིན་པས། རྗེས་ཕྱོགས་ཀྱི་གྲོས་མོལ་ཁྲོད་དུ་རྣམ་འགྱུར་ཇེ་བཙན་དུ་འགྲོ་སྲིད། དབྱིན་ཇི་ནང་ཁུལ་གྱི་ཕྱོགས་ཁག་སོ་སོས་བཙན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་ནས་འབུད་པ་དང་གཉོམ་ཆུང་སྒོས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་ནས་འབུད་པའི་ཐད་རྩོད་གླེང་དྲག་པོ་བྱེད་བཞིན་པ་དང་། སྲིད་གཞུང་ནང་ཁུལ་གྱི་ལངས་ཕྱོགས་ཀྱང་གཅིག་འདྲ་མིན་པས། དབྱིན་ཇི་ཕྱོགས་ཀྱི་གྲོས་མོལ་ཚོགས་པ་བར་ཆད་སྔར་ལས་ཆེན་པོར་འཕྲད་ཡོད་ཟེར།
དབྱིན་ཇིས་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་དངོས་སུ་ཡོ་རོབ་གླིང་མནའ་འབྲེལ་ལ་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་ནས་འབུད་པའི་འཕྲིན་ཡིག་སྤྲད་པ་དང་། དེས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་སུ་ཞུགས་ནས་ལོ་ཞེ་བཞི་འགོར་རྗེས། དབྱིན་ཇི་ནི་མནའ་འབྲེལ་དེའི་ཁོངས་ནས་ཕྱིར་འབུད་རྩིས་བྱས་པའི་ཁོངས་གཏོགས་རྒྱལ་ཁབ་ཐོག་མར་གྱུར་པ་མཚོན་ཡོད། ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན། དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་པུའུ་ལུའུ་སེར་ནས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་ནས་འབུད་པའི་གྲོས་མོལ་དངོས་སུ་སྤེལ། ཡོ་རོབ་གླིང་མནའ་འབྲེལ་གྱི་བཅའ་ཁྲིམས་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇིས་ལོ་གཉིས་ཀྱི་རྗེས་ཏེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་གྱི་སྔོན་ལ། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་ནས་འབུད་པའི་གྲོས་མོལ་བྱས་ཚར་དགོས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10