2017-05-22
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱིས་པེ་ཅིང་ཡན་ཆི་མཚེའུ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་གྲལ་སྒོར་དབུ་ཚོགས་འཚོགས་པ་རེད། རྒྱལ་ཁབ་30ནས་ཕེབས་པའི་འགོ་ཁྲིད་མི་སྣ་དང་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་དངུལ་ཁང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་བཅས་ཀྱི་འགན་ཁུར་བ་གྲལ་སྒོར་དབུ་ཚོགས་ལ་ཞུགས་ནས“རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དང‘རྒྱུད་གཅིག་ལམ་གཅིག’མཉམ་དུ་བསྐྲུན་ནས་གཉིས་ཕན་འཕེལ་རྒྱས་ཡོང་བ་བྱེད་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པ་དང་། ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞིའི་ཐད་བསམ་འཆར་བརྗེ་རེས་གནང་བ་དང་། ཐུན་མོང་ངོས་འཛིན་གཅིག་མཐུན་བྱུང་བ་མ་ཟད། མཉམ་འབྲེལ་སྤྱི་བསྒྲགས་ལ་གྲོས་འཆམ་བྱུང་བ་རེད།
སྔ་དྲོའི་ཆུ་ཚོད་9དང་སྐར་མ་40ཙམ་ལ་ཚོགས་འདུར་ཞུགས་མཁན་འགོ་ཁྲིད་མི་སྣ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་གཅིག་རྗེས་གཉིས་མཐུད་ངང་འབྱོར་བ་རེད། ཞི་ཅིན་ཕིང་གིས་ཚོམས་ཆེན་དུ་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་དང་འབྲེལ་ཁོང་ཚོ་དང་རེ་རེ་བཞིན་ཕྱག་བཏང་གནང་བ་རེད།
སྔ་དྲོའི་ཆུ་ཚོད་བཅུ་པར་ཞི་ཅིན་ཕིང་གིས་ཤིང་གི་ཐོ་བས་བརྡུངས་གནང་ནས་གྲལ་སྒོར་དབུ་ཚོགས་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
ཞི་ཅིན་ཕིང་གི་འགོ་འཛུགས་ཤིས་ཚིག་ནང་རྒྱལ་ཁབ་ཁག་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཛ་དྲག་ཆེ་བའི་དེང་འདིར་རྒྱལ་ཁབ་ཁག་གིས་ཕན་ཚུན་གྱི་སྲིད་ཇུས་སྦྲེལ་མཐུད་བྱས་ཏེ་གོ་ལ་ཧྲིལ་པོའི་དེ་བས་ཆེ་བའི་ཁྱབ་ཁོངས་ནང་དཔལ་འབྱོར་གྱི་རྒྱུ་རྐྱེན་གཙོ་བོ་དང་འཕེལ་རྒྱས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཚེ། གཞི་ནས་མཉམ་ཤུགས་ཤིག་ཆགས་ཏེ་འཛམ་གླིང་གི་ཞི་བདེ་བདེ་འཇགས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ། 2013ལོར་ངས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་ཡིན། དེའི་སྲོག་ཤིང་གི་ནང་དོན་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཁག་གི་སྲིད་ཇུས་དང་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་བྱས་ཏེ་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་མཐུན་སྦྱོར་མཉམ་སྒུལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐུན་མོང་དར་རྒྱས་ཡོང་བ་བྱ་རྒྱུ་དེ་ཡིན། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་རྩ་བ་ལོ་རྒྱུས་ཡིན་ཡང་དེ་འབྱུང་འགྱུར་ལ་ཕྱོགས་ཡོད། “རྒྱུད་གཅིག་ལམ་གཅིག”གི་འབྱུང་ཁུངས་ཀྲུང་གོ་ཡིན་ཡང་དེ་འཛམ་གླིང་ལ་གཏོགས་ཡོད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་མཉམ་ལས་སྒྲོམ་གཞིའི་ནང་ཕྱོགས་ཁག་གིས་ལག་གདང་སྦྲེལ་ནས་འཛམ་གླིང་དཔལ་འབྱོར་ལ་འཕྲད་པའི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་གཏོད་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དོན་གཉེར་བྱེད་པ། འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས། གྲོས་འགོ་དེ་བཏོན་རྗེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དང་ལེན་ཧུར་ཐག་དང་རྒྱབ་སྐྱོར་ཆེན་པོ་ཐོབ་བྱུང་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་མཐོ་རིམ་གླེང་སྟེགས་འདི་གཙོ་གཉེར་བྱེད་པའི་དམིགས་ཡུལ་ནི་མཉམ་ལས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་མོལ་དང་། མཉམ་ལས་ཀྱི་ལས་སྟེགས་མཉམ་དུ་བསྐྲུན་པ། མཉམ་ལས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བཅས་བྱས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་སྐྲུན་ཆེད་ཡིན། གྲལ་སྒོར་དབུ་ཚོགས་བརྒྱུད་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྒྲིལ་ཡོང་བ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ཆེད་ཁ་ཕྱོགས་གསལ་སྟོན་དང་འཆར་གཞི་འདིང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ང་ཚོས་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་བཏང་ནས་མཉམ་ལས་ཀྱི་ཁ་ཕྱོགས་གསལ་པོ་ཡོང་བ་དང་། རོགས་ཟླའི་སྙིང་སྟོབས་ལ་གཞི་ཚུགས་པ། མཉམ་གྲོས་དང་། མཉམ་བསྐྲུན། མཉམ་སྤྱོད་བཅས་མཐའ་འཁྱོངས་བརྟན་པོ་བཅས་བྱས་ཏེ་སྲིད་ཇུས་མཐུན་སྦྱོར་དང་། སྒྲིག་ཆས་སྦྲེལ་མཐུད། ཚོང་ཟོག་ཤར་གཏོང་། མ་དངུལ་རྒྱུན་འཁོར། དམངས་སེམས་གཅིག་མཐུན་བཅས་ཐུན་མོང་འབད་འཐབ་ཀྱི་དམིགས་ཚད་དུ་འགྱུར་བ་བྱེད་དགོས། སྒོ་དབྱེའི་ཁྲོད་མཉམ་ལས་དང་མཉམ་ལས་ཁྲོད་གཉིས་ཁེ་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་གླེང་མོལ་བྱས་ནས་འགལ་ཟླ་སེལ་བ་དང་གྲོས་མོལ་བྱས་ནས་རྩོད་གཞི་ཐག་གཅོད་བྱས་ཏེ་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ང་ཚོས་སྲིད་ཇུས་མཐུན་སྦྱོར་དམ་ཟབ་ཡོང་བ་བྱས་ཏེ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་ཡོང་བ་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་མཉམ་ལས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་ཧང་ཀྲོའུ་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དང་། ས་ཁོངས་འཕེལ་རྒྱས་ཀྱི་འཆར་འགོད་དང་སྦྲེལ་མཐུད། འབྲེལ་ཡོད་རྒྱལ་ཁབ་ཀྱིས་བཏོན་པའི་འཕེལ་རྒྱས་ཀྱི་འཆར་འགོད་དང་མཐུན་སྦྱོར་བཅས་བྱས་ཏེ་གཅིག་གིས་བྱེད་པ་ལས་མཉམ་ལས་བྱས་ན་ཕན་འབྲས་ཆེ་བའི་ནུས་པ་ཞིག་ཐོན་པ་བྱེད་དགོས། ང་ཚོས་རྣམ་གྲངས་ཀྱི་སྒུལ་ཤུགས་ལ་བརྟེན་ནས་རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་དང་། དངོས་ཚན་དཔལ་འབྱོར་གྱི་མཉམ་ལས། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན། དངུལ་རྩའི་མཉམ་ལས། དམངས་སེམས་གཅིག་མཐུན་སོགས་ཐད་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
དེ་རྗེས་དུས་མཚམས་དང་པོའི་ཚོགས་འདུ་དང་། ཉིན་དགུང་གསོལ་ཚིགས། དུས་མཚམས་གཉིས་པའི་ཚོགས་འདུ་བཅས་འཚོགས་པ་རེད། ཚོགས་ཞུགས་འགོ་ཁྲིད་མི་སྣས“སྲིད་ཇུས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ”དང་། “སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ”“ཕན་ཚུན་སྦྲེལ་མཐུད་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས་མཉམ་འགུལ་འཕེལ་རྒྱས་ཡོང་བ་བྱེད་པ”བཅས་ཀྱི་གྲོས་གཞིར་དམིགས་ནས་བསམ་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་འབྲེལ་ཐུན་མོང་གི་ངོས་འཛིན་གལ་ཆེན་གཅིག་མཐུན་ཡང་བྱུང་ཡོད། ཕྱོགས་ཁག་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ནན་བཤད་གནང་བ་དང་སྦྲགས་དེ་བས་ཆུ་ཚད་མཐོ་བ་དང་། དེ་བས་ཁྱབ་ཁོངས་ཆེ་བ། དེ་བས་གཏིང་ཟབ་པ་བཅས་ཀྱི་ཕྱོགས་སུ་མཉམ་ལས་འཕེལ་རྒྱས་བྱ་རྒྱུའི་རེ་བ་གནང་ལུགས་དང་། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་ཁོར་ཡུག་བཟང་པོ་གཏོད་རྒྱུའི་མོས་མཐུན་གནང་ལུགས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་རྒྱལ་ཁབ་ཁག་གི་འཆར་འགོད་སྦྲེལ་མཐུད་དང་། འཕེལ་རྒྱས་མཉམ་འདྲེས། ཁེ་ཕན་མཉམ་སྤྱོད་བཅས་ཀྱི་རྣམ་པ་ཞིག་ཆགས་རྒྱུའི་ཐུགས་རེ་གནང་ལུགས་བཅས་མགྲིན་གཅིག་ཏུ་གསུངས་པ་རེད། ཕྱོགས་ཁག་གིས་ཕན་ཚུན་སྦྲེལ་མཐུད་དེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་མཉམ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་སུ་བརྩི་རྒྱུར་རྒྱབ་སྐྱོར་བྱས་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཕན་ཚུན་སྦྲེལ་མཐུད་དྲྭ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་ཇུས་དང་། སྒྲིག་སྲོལ་ལམ་ལུགས། ཚད་གཞི་སོགས་ཐད་ཀྱི“མཉེན་ཆས་སྦྲེལ་མཐུད”ལ་ཤུགས་སྣོན་ཧུར་ཐག་རྒྱག་པ། ཕན་ཚུན་སྦྲེལ་མཐུད་ཀྱིས་དངོས་ཚན་དཔལ་འབྱོར་གྱི་ཁྱབ་འགྱེད་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས་བརྟན་ལ་སྣེ་འཛོམས་ཀྱི་དངུལ་རྩའི་སྦྲེལ་མཐུད་དང་མཉམ་ལས་རྣམ་པ་ཞིག་གཏོད་དགོས་ལུགས་གཅིག་གྱུར་གཏན་འབེབས་གནང་ཡོད། ཕྱོགས་ཁག་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པར་དཔལ་འབྱོར་མཉམ་ལས་དེ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་དང་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་དམངས་འཚོའི་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་ལུགས་གཅིག་གྱུར་ཐོག་མོས་མཐུན་གནང་ཡོད།
ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣ་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ད་ཐེངས་ཀྱི་མཐོ་རིམ་གླེང་སྟེགས་གཉེར་བར་ཚད་མཐོའི་གདེང་འཇོག་གནང་བ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་བཏང་སྟེ་ཐུན་མོང་དར་རྒྱས་ཡོང་བའི་ཐུགས་རེ་གནང་ཡོད།
ཕྱི་དྲོའི་ཆུ་ཚོད5པ་ཙམ་ལ་ཚོགས་འདུ་མཇུག་འགྲིལ་ཉེར་ཡོད་པ་དང་ཕྱོགས་ཁག་གིས《“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་གྲལ་སྒོར་དབུ་ཚོགས་མཉམ་འབྲེལ་སྤྱི་བསྒྲགས》ལ་གྲོས་འཆམ་བྱུང་བ་དང་སྦྲགས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་གསལ་ཐོ་ཡང་བཏོན་པ་རེད།
ཞི་ཅིན་ཕིང་གི་མཇུག་འགྲིལ་ཤིས་ཚིག་ནང་ཚོགས་འདུའི་ཐོག་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན5ཕྱོགས་སྡོམ་གནང་བ་སྟེ།
གཅིག་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་གྱིས་འཛམ་གླིང་གི་དཔལ་འབྱོར་ལ་འཕྲད་པའི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་རྒྱུ་དང་།
གཉིས་ནི་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱས་ཏེ་རོགས་རེས་མཉམ་སྒུལ་གྱི་འཕེལ་རྒྱས་ཡོང་རྒྱུར་འབད་བརྩོན་བྱ་རྒྱུ།
གསུམ་ནི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱ་རྒྱུ།
བཞི་ནི་རྒྱལ་ཁབ་ཁག་གི་དམངས་ཁྲོད་སྤེལ་རེས་བྱེད་པའི་འབྲེལ་ཟམ་འཛུགས་རྒྱུ།
ལྔ་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནི་སྒོ་དབྱེ་བསྟུན་མཁས་ཀྱི་འཕེལ་རྒྱས་ལས་སྟེགས་ཤིག་ཡིན་པས་རྒྱལ་ཁབ་ཚང་མ་འདྲ་མཉམ་གྱིས་དེའི་ནང་ཞུགས་མཁན་དང་། ལེགས་སྐྱེས་འབུལ་མཁན། ཕན་པ་ཐོབ་མཁན་བཅས་ཡིན་པ་ཡིད་ཆེས་བརྟན་པོ་བྱུང་བ་བཅས་སོ།
ཞི་ཅིན་ཕིང་གིས་ཕྱོགས་ཁག་གིས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཕན་ཚུན་བརྩི་བཀུར་དང་། དམངས་གཙོའི་གྲོས་མོལ། ཐུན་མོང་ཐབས་ཇུས་བཅས་བཏོན་ཡོད། ལོ་རྒྱུས་ནི་དུས་རྟག་ཏུ་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་གོམ་སྟབས་དང་སྦྲགས་མདུན་སྐྱོད་འཕེལ་རྒྱས་འགྲོ་གི་ཡོད། ལོ་ངོ་ཉིས་སྟོང་གོང་ལ་ཕྱིར་མིག་ལྟ་སྐབས་ང་ཚོའི་མེས་པོ་ཚོས་གོམ་སྟབས་དེ་འདྲར་བརྟེན་ནས་བློ་བརྟན་འགྱུར་མེད་ཀྱི་ཡར་བརྩོན་སྙིང་སྟོབས་སྤྱད་དེ་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོ་སྦྲེལ་མཐུད་ཐུབ་པའི་དར་གོས་ལམ་བུ་བཏོད་ཡོད། ད་ཆ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱིས་ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་མི་དམངས་དམ་པོར་སྦྲེལ་ནས་རྒྱལ་ཁབ་ཁག་གི་མི་དམངས་སྔར་བས་ལེགས་པའི་ངང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ཡོད། ང་ཚོས་འགན་འཁྲི་འཁུར་ཕོད་པ་དང་། གསར་འབྱེད་ཡར་བརྩོན། བྱ་སྤྱོད་ངོ་མ་བཅས་ཀྱི་ཐོག་ནས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་མཉམ་ལས་ལ་འཕེལ་རིམ་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་སྒུལ་ཤུགས་ཆེན་པོ་སྣོན་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོས་2019ལོར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་གཉེར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད།
གྲལ་སྒོར་དབུ་ཚོགས་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཚོགས་འདུའི་གནས་ཚུལ་དང་གྲུབ་འབྲས་གཙོ་བོ་ངོ་སྤྲོད་གནང་ཞིང་། ཁོང་གིས་འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་རྒྱུར་དམིགས་ནས་འཚོགས་པའི་ཚད་གཞི་མཐོ་བའི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན། ཚོགས་འདུའི་ཐོག་ཕྱོགས་ཁག་གིས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་མཉམ་ལས་ལ་མཉམ་དུ་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་བཏོད་པའི་བརྡ་རྟགས་ཡག་པོ་བརྒྱུད་སྤྲོད་བྱས་ཡོད། ང་ཚོས་རང་ངོས་ཀྱི་འཕེལ་རྒྱས་དང་འཛམ་གླིང་གི་ཐུན་མོང་འཕེལ་རྒྱས་ཟུང་འབྲེལ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་མཉམ་ལས་ཀྱི་དམིགས་ཚད་དང་ཁ་ཕྱོགས་གསལ་སྟོན་བྱ་རྒྱུའི་རེ་བ་ཡོད། ང་ཚོས་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་མཉམ་ལས་གཉིས་ཁེར་གཞོལ་རྒྱུ་ཡིན། ང་ཚོས་སྲིད་ཇུས་ཀྱི་མཐུན་སྦྱོར་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་མཐུན་སྦྱོར་འཕེལ་རྒྱས་ཀྱི་མཉམ་ཤུགས་ཤིག་ཆགས་པ་བྱ་རྒྱུ་ཡིན། ང་ཚོས་མཉམ་ལས་ཀྱི་ལམ་ཐིག་ས་བཀྲ་འཆར་འགོད་བྱས་ནས་གཙོ་གནད་མཉམ་ལས་ཁྱབ་ཁོངས་དང་བྱ་སྤྱོད་ལམ་བུ་གཏན་འཁེལ་བྱ་རྒྱུ་ཡིན། ང་ཚོས་མཐོ་རིམ་གླེང་སྟེགས་ལས་སྟེགས་སུ་བྱས་ནས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་དགེ་མཚན་ལྡན་པའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་བྱ་རྒྱུ་ཡིན་ཞེས་གསུངས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10