ཡེ་ཤེས་ཀྱིས་བསྒྱུར། 2017-05-11
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ5པའི་ཚེས9ཉིན་འབྱོར་བའི་གཏམ་གསར། ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་དུས་ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་གྱི་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར1170བཏང་བ་དེ2016ལོ་ལས་སྒོར་དུང་ཕྱུར70མང་བ་དང་བརྒྱ་ཆ6.4འཕར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་སྔར་བས་འཐུས་ཚང་དུ་གཏང་རྒྱུའི་སྐོར་གྱི་བརྡ་ཐོ》ཡི་བཀོད་སྒྲིག་ལྟར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་དང་འགན་སྲུང་ནང་རྐྱེན་གཅིག་གྱུར་བྱ་རྒྱུའི་བཅོས་བསྒྱུར་དེ་གོམ་པ་གཉིས་བགོས་ཏེ་བྱ་རྒྱུ་ཡིན་པ་སྟེ། 2016ལོའི་དཔྱིད་དུས་ཀྱི་སློབ་དུས་ནས་བཟུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭའི་སློབ་མའི་ཆ་སྙོམས་མི་རེའི་སྤྱི་སྤྱོད་གྲོན་དངུལ་གྱི་གཞི་རྩའི་ཚད་གཞི་གཅིག་གྱུར་བྱ་རྒྱུ་དང་། 2017ལོའི་དཔྱིད་དུས་ཀྱི་སློབ་དུས་ནས་བཟུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་རྩ་ཆག་གཉིས་དང་ཁ་གསབ་གཅིག་གི་སྲིད་ཇུས་གཅིག་གྱུར་བྱ་རྒྱུ་རེད། འབྲེལ་ཡོད་ཀྱི་སློབ་གསོའི་གྲོན་དངུལ་དེ་སློབ་མས་སློབ་གྲྭ་སྤོ་སྒྱུར་བྱེད་དུས་སློབ་མའི་རྗེས་སུ་འབྲང་ཆོག་པ་རེད།
ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་བགོ་བཤའ་བྱས་ཚེ་དབུས་རྒྱུད་དང་ནུབ་རྒྱུད་ཀྱི་གྲོང་གསེབ་ས་ཁུལ་དུ་ཕྱོགས་རེས་གཙོ་བོར་བྱེད་ཡོད་ཅིང་། གྲོང་ཁྱེར་དང་གྲོང་གསེབ་ལ་བལྟས་ན། ཀྲུང་དབྱང་ནོར་སྲིད་ཀྱིས་བཀོད་སྒྲིག་བྱེད་པའི་འགན་སྲུང་ནང་རྐྱེན་གྱི་མ་དངུལ་ནང་བརྒྱ་ཆ82གྲོང་གསེབ་ལ་དབང་བ་དང་། བརྒྱ་ཆ18གྲོང་ཁྱེར་ལ་དབང་བ་རེད། ས་ཁུལ་ནས་བལྟས་ན། དབུས་ནུབ་རྒྱུད་ཀྱི་ས་ཁུལ་དུ་བརྒྱ་ཆ77ལ་ཟིན་པ་དང་ཤར་རྒྱུད་ཀྱི་ས་ཁུལ་དུ་བརྒྱ་ཆ23ལ་ཟིན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སྲིད་ཇུས་དེ་ལག་བསྟར་བྱེད་པ་དེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་དུང་ཕྱུར1.43ལ་རིན་པ་མི་དགོས་པའི་སློབ་དེབ་རག་ཐུབ་པ་དང་། གྲོང་ཁྱེར་དང་གྲོབ་གསེབ་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཞག་སྡོད་སློབ་མ་ཁྲི1377གྱི་ལ་འཚོ་བའི་གྲོན་དངུལ་གྱི་ཁ་གསབ་རག་ཐུབ་པ། གྲོང་ཁྱེར་དུ་ཞིང་པ་གླ་པ་འགྲོ་མཁན་གྱི་བུ་ཕྲུག་ཁྲི1400ཉེ་བས་རྩ་ཆག་གཉིས་དང་ཁ་གསབ་གཅིག་གི་སྲིད་ཇུས་ལོངས་སྤྱོད་བྱེད་ཐུབ་ཅིང་སློབ་མའི་ཆ་སྙོམས་མི་རེའི་སྤྱི་སྤྱོད་གྲོན་དངུལ་དེའང་སློབ་གྲྭ་སྤོ་སྒྱུར་བྱེད་དུས་སློབ་མའི་རྗེས་སུ་འབྲང་ཆོག་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10