ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2017-05-05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལྔ་བཞིའི་ན་གཞོན་དུས་ཆེན་ཐོན་ལ་ཡོད་པའི་སྐབས་དང་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པའི་སྔོན་ཏག་ཏག་སྟེ། ཟླ་ལྔ་བའི་ཚེས་གསུམ་ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དུ་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པར་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སློབ་གསོ་བྱ་བ་སྒྲུབ་མཁན་དང་ན་གཞོན་བྱ་བ་སྒྲུབ་མཁན། ཁྲིམས་སྐྱོང་བྱ་བ་སྒྲུབ་མཁན་བཅས་ལ་བརྩེ་བའི་འཚམས་འདྲི་ཞུས། ཁོང་གིས་གསུངས་རྒྱུར། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་ནི་དུས་ཡུན་རིང་བའི་ལོ་རྒྱུས་ལས་འགན་གལ་ཆེན་ཞིག་ཡིན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་རིགས་པའི་བསམ་བློ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རིགས་གཞུང་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱེད་སྲིང་བྱེད་པ་དང་ཀུན་སྤྱོད་དང་བཅའ་ཁྲིམས་མཉམ་སློབ་བྱས་ནས། བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱེད་དགོས་ཟེར།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ཉི་ཤུའི་སྟེང་ཞི་ཅིན་ཕིང་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཧྲི་ཡ་ཅུན་དང་སློབ་གཙོ་ཧོང་ཅིན་གཉིས་ཀ་དང་མཉམ་དུ་དབྱི་ཧྥུའུ་ཐོག་ཁང་གི་རྩེག་རིམ་དང་པོའི་ཚོམས་ཁང་དུ་ཕེབས་ཏེ་སློབ་གྲྭའི་ལོ་རྒྱུས་དང་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་པ་དང་། ཞི་ཅིན་ཕིང་གིས་འགྲེམ་སྟོན་ལ་གཟིགས་ཞོར་དུ་འབྲེལ་ཡོད་གནས་ཚུལ་ཞིབ་འདྲི་བྱས། ཁོང་གིས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱིས་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་རིག་གཞུང་ཞིབ་འཇུག སྤྱི་ཚོགས་ཞབས་ཕྱི། རིག་གནས་རྒྱུན་འཛིན། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་སོགས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ་དང་། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱིས་ཉམས་མྱོང་སྤྱི་སྡོམ་དང་བཅོས་སྒྱུར་གསར་སྐྲུན་བྱས་ཏེ། ཐོན་ཁུངས་ལེགས་སྒྲིག་བཟང་བོ་བྱེད་པ་དང་ནན་ཏན་སྒོས་བྱ་བ་སྣ་ཚོགས་སྒྲུབ་ནས། སློབ་ཁྲིད་དང་ཚན་ཞིབ། གསོ་སྐྱོང་སོགས་ཀྱི་བྱ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་ཞེས་ནན་གྱིས་བསྟན།

འགྲེམ་སྟོན་ཚོམས་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལིས་ཁི་ཧྲོན་དང་ཝང་ཝེ་གོ་སོགས་དགེ་རྒན་ཆེན་མོ་འགའ་ལ་ཐུག་འཕྲད་བྱས་པ་དང་བརྩེ་བའི་གླེང་མོལ་བྱས། ཞི་ཅིན་ཕིང་གིས་ཁོ་ཚོས་ཁྲིམས་སྐྱོང་རིགས་གཞུང་ཞིབ་འཇུག་དང་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད་ཁོ་ཚོའི་འཚོ་བ་སྐྱིད་ཅིང་ལུས་ཕུང་བདེ་ཐང་ཡོང་བའི་སྨོན་འདུན་ཞུས། གཟིགས་ཞིབ་མཛད་རྗེས་ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་དགེ་རྒན་ཆེན་མོ་འགའ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག

དེའི་རྗེས་སུ་ཞི་ཅིན་ཕིང་སློབ་མའི་བྱ་འགུལ་ལྟེ་གནས་ཀྱི་རྩེག་རིམ་གསུམ་པའི་གྲོས་ཚོགས་ཁང་དུ་ཕེབས་ཏེ་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་དགེ་སློབ་དང་རྒྱལ་སའི་ཁྲིམས་རིགས་པའི་ཆེད་མཁས་པ་དང་ཁྲིམས་སྐྱོང་བྱ་བ་སྒྲུབ་མཁན་གྱི་འཐུས་མི། མཐོ་རིམ་སློབ་གྲྭའི་འགན་འཁུར་བ་བཅས་དང་མཉམ་དུ་བཞུགས་མོལ་བྱས་པ་དང་། སློབ་ཆེན་གྱི་འབྲེལ་ཡོད་མི་སྣས་དོན་དངོས་དང་འབྲེལ་ཏེ་སློབ་གསོའི་དོ་དམ་དང་སློབ་མ་སྐྱེད་སྲིང་། སློབ་སྦྱོང་དང་འཚོ་བ། ཁྲིམས་སྐྱོང་ལག་ལེན་སོགས་ཀྱི་ཐད་ནས་རང་རང་གི་བསམ་ཚུལ་བརྗོད། ཞི་ཅིན་ཕིང་གིས་ཁོ་ཚོའི་གཏམ་བཤད་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རང་གཤིས་རེ་བ་དང་འགན་སྲུང་གལ་ཆེན་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དེ་ང་ཚོ་ཏང་གི་སྲིད་འཛིན་རྒྱལ་དར་ལ་འབྲེལ་བ་ཡོད་པ་དང་། མི་དམངས་བདེ་སྐྱིད་དང་བདེ་འཇགས་ཡོང་བར་འབྲེལ་བ་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་དུ་འགྲོ་བར་འབྲེལ་བ་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་བསྟུན་ནས། ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པར་འགན་འཁྲི་སྔར་ལས་མང་པོ་ཡོད་པ་དང་ནུས་པ་སྔར་ལས་ཆེན་པོ་འདོན་དགོས། ཁྱོན་ཡོངས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་སྐབས་རྒྱང་རིང་ལ་དམིགས་ཤིང་རྨང་གཞི་བརྟན་པོ་འདིང་བ་དང་ལམ་ལུགས་གཏན་འཁེལ་བཟང་བོ་བྱེད་དགོས་པར་མ་ཟད་དེང་སྐབས་ལ་རྐང་འཛུགས་པ་དང་གནད་ཆེ་ས་འབུར་དུ་ཐོན་པར་བྱས་ནས་ནན་ཏན་སྒོས་བྱ་བ་སྒྲུབ་དགོས། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་འཛུགས་སྐྲུན་བཟང་བོ་བྱས་ཏེ། ཚན་རིག་ཁྲིམས་འཛུགས་དང་ཁྲིམས་སྐྱོང་ནན་མོ་བྱེད་པ། དྲག་བཞག་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་ནན་མོ་བྱེད་པ་མངོན་འགྱུར་བྱེད་རྒྱུ་དེ་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་བྱ་བའི་དཔུང་སྡེ་ཞིག་དང་འབྲལ་ཐབས་མེད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཡང་དག་པའི་ཁྲིམས་སྐྱོང་རིགས་གཞུང་གི་སྣེ་ཁྲིད་མེད་ན་ཡང་དག་པའི་ཁྲིམས་སྐྱོང་ལག་ལེན་ཡོད་མི་སྲིད། མཐོ་རིམ་སློབ་གྲྭ་ནི་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གཡུལ་ས་དང་པོ་ཡིན་པའི་ཆ་ནས་བསླབ་ཚན་ཆ་ཚང་ཞིང་ཤེས་ལྡན་མི་སྣ་གང་མང་འདུས་པའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཁྲིམས་སྐྱོང་དང་དེ་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་རྨང་གཞི་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་དགོས་ལ། རྙོག་འཛིང་དངོས་ཡོད་ལ་དབྱེ་ཞིབ་བྱེད་པ་དང་ཚན་རིག་དང་མཐུན་པར་སྤྱི་སྡོམ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རིགས་གཞུང་འདེགས་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།

ཝང་ཧུའུ་ཉིན་དང་ལིག་ཡན་ཏུང་། མིན་ཅན་ཀྲུའུ། ལེ་ཀྲན་ཧྲུའུ། གོ་ཅིན་ལུང་། དེ་མིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་སྡེ་ཁག་གི་འགན་འཁུར་བ་རྟོག་ཞིབ་བྱ་བར་ཞུགས། 


  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་ཏེན་མག་གི་དབུ་བཞུགས་བློན་ཆེན་ལ་སི་མུའུ་སིན་དང་གྲོས་མོལ་མཛད།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།