ཝང་ཅན་ཅུན་གྱིས་ཧུའུ་ཀྲུའུ་རྫོང་གི་དབུལ་སྐྱོར་བྱ་བར་རྟོག་ཞིབ་བྱས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2017-05-05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་དབུལ་སྐྱོར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱ་བ་སྤེལ། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་སེམས་སུ་དམ་པོར་འཛིན་པ་དང་། ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གནད་དོན་སྐུལ་སློང་བཀོད་སྒྲིག་བརྙན་རིས་ཚོགས་འདུའི་སྟེང་ཕུལ་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། སྙིང་སྟོབས་ཆེར་བསྐྱེད་དང་འབད་འཐབ་ལྷོད་མེད་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཝང་ཅན་ཅུན་ཐང་ཁྲོན་གྲོང་རྡལ་ཙུང་ཀྲེ་སྔོ་ཚོད་རྟེན་གཞི་དང་ཐེ་ཙི་ཞང་ཝ་མ་སྡེ་བ། ཐེ་འེ་སྡེ་བ་འོག་མ། ཏུང་ཧི་ཞང་ཏ་ཀྲུང་སྡེ་བ། པན་ཡན་སྡེ་བ་སོགས་སུ་སོང་ནས་ཉི་འོད་ནུས་པའི་དབུལ་སྐྱོར་དང་ཧྲུའུ་ཅི་དང་པོས་དབུལ་ཕོངས་ཁྱིམ་ཚང་གི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པ། མཉམ་ལས་ཁང་དང་རྟེན་གཞི། ཞིང་ཁྱིམ་མཉམ་འབྲེལ་གྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། དབུལ་སྐྱོར་ཧུའུ་ཀྲུའུ་མ་དངུལ་བཀོལ་སྤྱོད། གློག་ཚོང་དབུལ་སྐྱོར། ཡུལ་གཞན་གནས་སྤོར་དབུལ་སྐྱོར་གྱི་གནས་སྤོར་རྗེས་མཐུད་འཕེལ་རྒྱས་སོགས་གནས་ཚུལ་ཐད་ནས་ཡུལ་དངོས་རྟོག་ཞིབ་བྱས་པ་མ་ཟད། པན་ཡན་སྡེ་བ་ནས་བཞུགས་མོལ་ཚོགས་འདུ་བསྡུས་སྟེ། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་དབུལ་ཐར་མཁྲེགས་གཏོར་སྤེལ་བའི་ཐད་ཀྱི་བསམ་འཆར་ལ་ཉན། ཁོས་བསྟན་དོན། མཚོ་སྔོན་དབུལ་ཐར་བྱེད་ན། མཚོ་ཤར་གྱི་ལས་འགན་ཧ་ཅང་ལྕི། ན་ནིང་གི་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཆེད་དུ་ཧུའུ་ཀྲུའུ་རྫོང་པན་ཡན་སྡེ་བ་རུ་ཡུལ་དངོས་རྟོག་ཞིབ་མཛད་དེ། མང་ཚོགས་ཚོའི་ཡུལ་གཞན་དུ་གནས་སྤོར་བ་བརྒྱུད་དེ་འཚོ་བ་སྔར་ལས་ཡག་པོ་རོལ་ཐུབ་པ་དང་། རྒྱུ་སྤུས་ལ་ཁག་ཐེག་བྱེད་པའི་རྨང་གཞིའི་སྟེང་སྡེ་དམངས་ཚོ་ཁང་གསར་ནང་སྡོད་ཐུབ་པར་བྱེད་པ་དང་། རྗེས་མཐུད་ཀྱི་ཐོན་སྐྱེད་བྱ་བ་བཟང་བོར་བསྒྲུབ་དགོས་པའི་སྐུལ་མ་བཏང་། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་སེམས་སུ་དམ་པོར་འཛིན་པ་དང་། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ལ་བཀའ་དྲིན་ཞུས་ནས། མཉམ་དུ་ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་བསྟན་པའི་འོད་སྟོང་ལྡན་པའི་ལམ་བུ་བརྒྱུད་དེ་འབྱོང་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་པའི་བདེ་སྐྱིད་ལམ་དུ་བསྐྱོད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་དབུལ་ཐར་མཁྲེགས་གཏོར་དམིགས་འབེན་ནི་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་ཡིན་པས། དམིགས་འབེན་དེ་དམ་དུ་དམིགས་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་དང་སྤྱི་ཚོགས་འཚར་ལོངས་ཚད་གཞི་ལ་ཟུང་འབྲེལ་བྱེད་པ། གནས་ཚུལ་དངོས་ལ་རྐང་འཛུགས་པ། དངོས་ཐོག་བདེན་འཚོལ་བྱས་ཏེ། སྐྱེ་ཁམས་ལ་སྲུང་སྐྱོབ་དང་ཐོན་སྐྱེད་འཕེལ་རྒྱས། འཚོ་བར་ལེགས་བཅོས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་དགོས། ཁོས་བཤད་རྒྱུར། ཧུའུ་ཀྲུའུ་རྫོང་གི་རྫོང་མིང་ལས་ཕན་ཚུན་རོགས་རེས་དང་མཛའ་མཐུན་དོགས་མེད་ཀྱི་སྙིང་སྟོབས་མཚོན་ཡོད་ལ། དེ་དབུལ་ཐར་མཁྲེགས་གཏོར་ཐད་ནས་མངོན་པར་བྱས་ཡོད་པ་དང་། ཚང་མས་ཕན་ཚུན་རོགས་རེས་དང་མཐུན་སྒྲིལ་མཛའ་མཐུན་ཡོང་བར་བྱེད་དགོས། ཕན་ཚུན་རོགས་རེས་དང་མཛའ་མཐུན་དོགས་མེད་ཀྱི་སྙིང་སྟོབས་འདོན་སྤེལ་བྱས་ཏེ། ཏང་དང་སྲིད་གཞུང་གིས་ཁ་ཕྱོགས་གསལ་བོ་སྟོན་པ་དང་འཆར་འགོད་བཟང་བོ་བྱེད་པ། བྱེད་ཐབས་བཟང་བོ་སྤྱོད་པ། སྤྱི་ཚོགས་ལས་རིགས་སོ་སོས་དངོས་གནས་དངུལ་སྐྱོར་བྱེད་པ་དང་། དབུལ་ཕོངས་ནན་མོ་བྱེད་པ། དབུལ་ཐར་ལ་སྐུལ་འདེད་བྱེད་པ། དབུལ་ཕོངས་མང་ཚོགས་ཀྱིས་རང་ཉིད་ཀྱི་ལག་པར་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་དགོས་ཟེར།

ཝང་ཅན་ཅུན་གྱི་བསྟན་དོན། དབུལ་ཕོངས་ཀྱི་སྣ་ཧ་ཅང་མང་བ་དང་། དབུལ་ཐར་མཁྲེགས་གཏོར་ནི་ཆ་ཚང་བའི་བཟོ་སྐྲུན་ཞིག་ཡིན་པས། སེམས་ཤུགས་གཅིག་བསྒྲིལ་གྱིས་ལས་འགན་དེ་ཡོངས་འགྲུབ་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་བྱ་བ་སྤེལ་ཡུལ་ནི་དབུལ་ཕོངས་མང་ཚོགས་ཡིན་པས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཡིད་ཆེས་བྱེད་པ་དང་རྒྱབ་རྟེན་པ། སྲིད་ཇུས་ཐད་ནས་མང་ཚོགས་བློ་འདྲི་བ་དང་མང་ཚོགས་ལ་བློ་འདོན་ཇུས་འབུལ་བྱེད་དུ་འཇུག་པ། མང་ཚོགས་ཀྱི་འདོད་བློ་དེ་སྲིད་ཇུས་གནད་དོན་ཞིབ་འཇུག་བྱེད་པའི་བརྡ་རྟགས་སུ་བྱེད་པ། ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་མང་ཚོགས་ཀྱི་འདོད་བློ་གཉིས་ཟུང་འབྲེལ་བྱས་ཏེ།མང་ཚོགས་ཀྱི་རིག་སྟོབས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། མང་ཚོགས་རྩ་འཛུགས་བྱས་ནས་མཉམ་ལས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། དབུལ་སྐྱོར་མཐར་གཏུག་ན་མིའི་བསམ་བློར་དབུལ་སྐྱོར་བྱེད་དགོས་པ་དང་། དངོས་པོའི་ཐད་ཀྱི་དབུལ་ཐར་ལ་དོ་སྣང་བྱེད་པ་ལས་གཞན་ད་དུང་སེམས་པའི་ཐད་ཀྱི་དབུལ་ཐར་ལ་ཡང་དོ་སྣང་བྱེད་དགོས། མང་ཚོགས་ལ་བརྩི་མཐོང་དང་མང་ཚོགས་ལ་སློབ་གསོ་གཏོང་བ། མང་ཚོགས་ཀྱི་སྣེ་ཁྲིད་པ། བྱེད་ཐབས་སྣ་མང་སྤྱད་དེ་དབུལ་ཕོངས་མང་ཚོགས་ཁང་བ་གསར་བའི་ནང་སྡོད་ཐུབ་པར་བྱེད་པ་དང་། གོམས་སྲོལ་བཟང་བོ་ཆགས་པ་དང་འཚོ་བ་བཟང་བོ་རོལ་ཐུབ་པར་བྱེད་དགོས་ཟེར།།༼མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ་ལས་དྲངས།༽


  • ལེ་ཚན་སྔོན་མ།:བོད་ཀྱི་ཁེ་ལས་ཕྱི་རྒྱལ་དུ་སྐྱོད་པའི་གོམ་སྟབས་མགྱོགས་སུ་སོང་བ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་ཏེན་མག་གི་དབུ་བཞུགས་བློན་ཆེན་ལ་སི་མུའུ་སིན་དང་གྲོས་མོལ་མཛད།
  • དོ་སྣང་ཆེ་བའི་རྩོམ།