ལི་ཁེ་ཆང་གིས་མི་རིཊ་མཐུན་སྒྲིལ་ནི་རྩམ་པ་བརྫིས་པ་ལྟར་བྱ་དགོས་བཤད།

    མི་དམངས་དྲ་བ།    2017-03-09

ལི་ཁེ་ཆང་གིས་མི་རིཊ་མཐུན་སྒྲིལ་ནི་རྩམ་པ་བརྫིས་པ་ལྟར་བྱ་དགོས་བཤད།

      སྤྱི་ཟླ3ཚེས7ཉིན། ཙུང་ལི་ལི་ཁེ་ཆང་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། རྩམ་པ་ནི་བོད་མི་རིགས་ཀྱི་ཉིན་རེའི་བཟའ་ཆས་གཙོ་བོ་ཞིང་། དེ་ནི་ནས་རྩམ་དང་མར་དང་ཇ་བཅས་མཉམ་དུ་བརྫིས་ནས་སྤགས་གཡོ་བ་རེད། ང་རང་ནི་ཨན་ཧུའེ་ནས་ཡིན་ཞིང་། ཆུང་དུས་ནས་འབྲས་བཙོས་མ་བཟས་ནས་འཚར་ལོངས་བྱུང་བ་ཡིན། བཟའ་ཆས་དེ་གཉིས་ཀྱི་རྒྱུ་ཆ་གཅིག་པ་མིན་ནའང་བཟོ་ཐབས་གཅིག་འདྲ་རེད། མི་རིགས་མཐུན་སྒྲིལ་ཡང་རྩམ་པ་བརྫིས་ནས་སྤགས་གཡོ་བ་དང་འབྲས་བཙོས་མ་བརྫིས་པ་ནང་བཞིན་དམ་ཞིང་གཅིག་ཏུ་བསྒྲིལ་དགོསཞེས་གསུངས་པ་རེད།

      ཏག་ཏག་བོད་ཀྱི་ལོ་སར་གྱི་ཚེས་བཅུ་ཉིན་དང་ཁེལ་བ་རེད། ཙུང་ལི་བཞུགས་སྟེགས་སུ་བཞུགས་རྗེས་དེ་རིང་ནི་ད་དུང་བོད་ཀྱི་ལོ་སར་གྱི་ཚེས་བཅོ་ལྔའི་ནང་ཚུན་ཡིན་པས། ང་རང་གིས་ཚང་མར་རྗེས་སླེབས་ཀྱི་ལོ་སར་གྱི་རྟེན་འབྲེལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིནཞེས་གསུངས་པའི་འགོ་བརྗོད་འདི་ཉིད་ཀྱིས་ཚོགས་རར་འཁྲུག་ཆ་ཆེ་བར་གྱུར་པ་རེད། གྲོས་ཞིབ་མཇུག་བསྒྲིལ་དུས། ཙུང་ལི་ཡིས་ཡང་བསྐྱར་ཚོགས་ཞུགས་འཐུས་མི་ཚོ་བརྒྱུད་དེ་ཁོ་བོས་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

      དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ནི་དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུའི་ཆེད་དུ་རེད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ནང་ཆེད་མངག་འཕེལ་རྒྱས་གཏོང་རྒྱུ་ནི་གནས་ལུགས་འགྱུར་མེད་ཡིན་པ་འདི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་བ་བསྐྲུན་དགོས་པར་མཚོན་པར་བྱ་དགོས་ཞེས་བཀོད་ཡོད། བོད་ལྗོངས་ཀྱི་རང་བྱུང་ཁོར་ཡུག་བལྟོས་བཅས་ཀྱི་དཀའ་ཚེགས་ཆེ་བས། དམངས་འཚོ་ལེགས་བཅོས་བྱ་རྒྱུའི་ལས་འགན་དེ་བས་ཁ་ཚ་དགོས་གཏུགས་ཆེ་བ་རེད། ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བརྟེན་ནས་རྒྱ་ཆེའི་མང་ཚོགས་ལ་འཚོ་བར་སྤྲོ་སྐྱིད་ལྡན་པ་དང་མ་འོངས་པར་མདུན་ལམ་ཆེན་པོ་ཡོད་པའི་ཚོར་སྣང་སྐྱེ་བར་བྱ་དགོས་ཞེས་གསུངས་པ་རེད།

      འཐུས་མི་ཚོས་དབུལ་སྐྱོར་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ་སོགས་ཀྱི་ཐད་ལ་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་པ་རེད། ཙུང་ལི་ཡིས་ཚོགས་འདུ་འདིར་ཞུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་ཚོར་སྒྲུབ་ནུས་པ་རྣམས་ཤུགས་གང་ཡོད་བཏོན་ཏེ་སྒྲུབ་གང་ཐུབ་བྱ་དགོས་པ་དང་། གནས་སྐབས་སུ་སྒྲུབ་མི་ཐུབ་པ་ཡིན་ན་ཡང་སྐུལ་འདེད་ཧུར་ཐག་ཆེན་པོ་གཏོང་དགོས། ངེས་པར་དུ་དོན་དག་ཚང་མར་བསྒྲུབས་ལན་ཡོད་པར་བྱ་དགོས་ཞེས་མཛུབ་སྟོན་གནང་བ་རེད།


ལི་ཁེ་ཆང་གིས་མི་རིཊ་མཐུན་སྒྲིལ་ནི་རྩམ་པ་བརྫིས་པ་ལྟར་བྱ་དགོས་བཤད།

      བོད་ལྗོངས་ཀྱི་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལས་དོན་ཁྲོད་དམིགས་བསལ་གོ་གནས་བཟུང་ཡོད། བོད་ལྗོངས་ནི་མེས་རྒྱལ་གྱི་མཐའ་མཚམས་སུ་གནས་ཡོད་པ་དང་། འཛམ་གླིང་གི་ཡང་རྩེ་ཡིན་ལ། རང་རྒྱལ་གྱི་སྐྱེ་ཁམས་སྒྲིབ་བཅད་གལ་ཆེན་ཞིག་ཀྱང་ཡིན་པས། རྒྱལ་ཁབ་བདེ་འཇགས་དང་བརྟན་ལྷིང་ཡོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། འགན་འཁུར་གྱི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེན་པོ་བཅངས་ནས་བོད་ལྗོངས་ཀྱི་ལས་དོན་དེ་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལས་དོན་ཁྲོད་དུ་བཞག་ནས་འཕེལ་རྒྱས་གཏོང་རྒྱུའི་ཇུས་འགོད་བྱ་དགོས་ཞེས་གསུངས་པ་རེད།

  བོད་རང་སྐྱོང་ལྗོངས་ཀྱི་འགན་ཁུར་མི་སྣ་ཡིས་བོད་ལྗོངས་ཀྱིས་འཕེལ་རྒྱས་གཏོང་རྒྱུ་དེ་འགན་གནད་དང་པོར་བཞག་ཡོད་ལ། བརྟན་ལྷིང་ཡོང་བར་བྱ་རྒྱུ་དེ་འགན་འཁྲི་ཨང་དང་པོར་བཞག་ཡོད་ཅེས་བསྟན་པ་རེད། ཙུང་ལི་ཡིས་དེའི་ཐད་ལ་བརྟན་ལྷིང་མེད་ན་འཕེལ་རྒྱས་གཏོང་རྒྱུའི་ཁོར་ཡུག་བཟང་པོ་མེད་པ་དང་། ཁ་ཚུར་བསྐོར་ནས་བཤད་ན་འཕེལ་རྒྱས་བྱུང་མེད་ན་བརྟན་ལྷིང་ཡོང་བའང་བྱེད་དཀའ་བ་རེད། འཕེལ་རྒྱས་དང་བརྟན་ལྷིང་གཉིས་གཅིག་ལ་གཅིག་རྟེན་བྱས་ན། བོད་ལྗོངས་སུ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས་ཡོང་བར་བྱེད་ཐུབ་པ་དང་། མི་རིགས་ཁག་གི་མི་དམངས་ཀྱང་བདེ་ཞིང་སྐྱིད་པ་མངོན་འགྱུར་བྱེད་ཐུབ་ཅེས་ནན་བཤད་གནང་བ་རེད།

  བོད་ལྗོངས་ནི་འཛམ་གླིང་གི་ཡང་རྩེ་ཡིན་ཞིང་། ས་བབ་མཐོ་ཞིང་གསོ་རླུང་དཀོན་པས། ང་ཚོའི་ལས་བྱེད་པ་དང་མང་ཚོགས་ཚོས་གནས་འདིར་རྩ་བ་བཙུགས་ནས་དཀའ་སྤྱད་སྡུག་རུས་ཀྱི་འབད་བརྩོན་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་འགན་ལྗིད་པོ་ཁུར་ནས་མདུན་དུ་བསྐྱོད་དེ་ཐོབ་པའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་གྲུབ་འབྲས་ནི་ཁས་ལེན་གང་ལེགས་བྱ་འོས་པ་ཞིག་རེད། ང་རང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་བོད་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་གུས་འདུད་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ལ་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་ནན་མོ་བྱས།
  • ལེ་ཚན་རྗེས་མ།:ཐག་རིང་ཁ་པར་གཏོང་གླ་དང་འཁྱམ་སྤྱོད་གླ་མེད་པ་བཟོ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།