དམངས་ཕན་དང་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་པས་མཚོ་སྔོན་གྱི་ལོ15རིང་གི་རིན་མེད་སློབ་གསོས་སློབ་མ་ཁྲི86.1ལ་ཕན་ཁེ་བསྐྲུན།

    ཀྲུང་གོ་བོད་ཀྱི་དྲ་བ།    2017-03-01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྔ་རྗེས་སུ་སློབ་གསོའི་དམངས་ཕན་སྲིད་ཇུས་དང་རོགས་སྐྱོར་སྲིད་ཇུས་སྐོར་ཞིག་ལག་བསྟར་བྱས། ལྷག་པར་དུ2016ལོ་ནས་བཟུང་ཁུལ་དྲུག་གི་སློབ་མ་དང་། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་དབུལ་ཕོངས་སློབ་མར་ལོ15རིང་གི་རིན་མེད་སློབ་གསོ་ལག་བསྟར་བྱས། ལོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་ལོ15རིང་གི་རིན་མེད་སློབ་གསོས་སློབ་མ་ཁྲི86.1ལ་ཕན་ཁེ་བསྐྲུན་ཡོད།

མཚོ་སྔོན་གྱིས་ལོ15རིང་གི་རིན་མེད་སློབ་གསོ་སྲིད་ཇུས་ལག་བསྟར་བྱས་པ་དེས་ད་ལྟའི་ཞིང་སྡེའི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་སྲུང་ལམ་ལུགས་དང་གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་བྱ་དགའི་ཁ་གསབ་སྲིད་ཇུས་གཅིག་བསྡུ་བྱས་ནས། ཤང་གྲོང་གཅིག་གྱུར་གྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་སྲུང་ལམ་ལུགས་བཙུགས་ཡོད། ན་ནིང་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར2016ལོ་དང2017ལོར་ཤང་གྲོང་གཅིག་གྱུར་གྱིས་སློབ་མའི་སྤྱི་བའི་ཆ་སྙོམས་འགྲོ་གྲོན་ཚད་གཞི་གཏན་འཁེལ་དང“མི་བསྡུ་བ་གཉིས་དང་ཁ་གསབ་གཅིག”གི་སྲིད་ཇུས་གཉིས་དུས་མཉམ་དུ་ལག་བསྟར་བྱས། ལོ15རིང་གི་རིན་མེད་སློབ་གསོའི་སྲིད་ཇུས་བདེ་བླག་ངང་ལག་བསྟར་བྱས་པ་དེས་མཚོ་སྔོན་གྱི་སློབ་གསོའི་སྤྱི་བའི་ཞབས་ཞུའི་ཆུ་ཚད་དང་ནུས་པ་དུས་རིམ་གསར་བ་ཞིག་ཏུ་བསྙེགས་པ་མཚོན་ཞིང་། རྒྱལ་ཡོངས་ཀྱི་རིན་མེད་སློབ་གསོའི་ཁྲོད་མདུན་གྲལ་དུ་སླེབས་ཡོད།

ཞིང་སྡེའི་འོས་འགན་སློབ་གསོའི་མི་བསྡུ་བ་གཉིས་དང་ཁ་གསབ་གཅིག་གི་སྲིད་ཇུས་ཀྱི་རྨང་གཞི་སྟེང་། ཤང་གྲོང་གི་འོས་འགན་སློབ་གསོའི་མི་བསྡུ་བ་གཉིས་དང་ཁ་གསབ་གཅིག་གི་སྲིད་ཇུས་གཅིག་གྱུར་བྱས་ཏེ་ཟི་ལིང་སོགས་གྲོང་ཁྱེར་གྱི་སློབ་མར་བསླབ་གཞི་རིན་མེད་དུ་བྱིན་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་བཅའ་སྡོད་སློབ་མར་འཚོ་བའི་ཁ་གསབ་མཁོ་འདོན་བྱས། གཞན་ཡང་གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་སྤྱི་བའི་འགྲོ་གྲོན་ཁ་གསབ་ཚད་གཞི་ཇེ་མཐོ་དང་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་འགྲོ་གྲོན་ཚད་གཞི་གཅིག་གྱུར་བྱས།

མཚོ་སྔོན་གྱིས་གཏན་འཁེལ་བྱས་པའི་སྲིད་ཇུས་ལྟར་ན། སློབ་སྔོན་སློབ་གསོའི་དུས་རིམ་གྱི་ཆ་རྐྱེན་དང་འཚམ་པའི་སློབ་མར་ལོ་གསུམ་རིང་གི་སློབ་ཞུགས་སྔོན་གྱི་བྱིས་གཉོར་སློབ་གསོའི་འགྲོ་གྲོན་མེད་པར་གཏོང་བ་དང་། ལོ་རེར་སློབ་མ་རེར་ཆ་སྙོམས་ཀྱིས་བྱིས་གཉོར་ཁང་གི་སྤྱི་བའི་འགྲོ་གྲོན་སྒོར1200ཁ་གསབ་བྱ་རྒྱུ་རེད།

འོས་འགན་སློབ་གསོའི་དུས་རིམ་དུ། ཤང་གྲོང་གི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་སྲུང་ལམ་ལུགས་གཅིག་གྱུར་བྱས་ཏེ། གྲོང་ཁྱེར་གྱི་འོས་འགན་སློབ་གསོར་མི་བསྡུ་བ་གཉིས་དང་ཁ་གསབ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས། གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་མའི་སྤྱི་བའི་འགྲོ་གྲོན་ཁ་གསབ་ཀྱི་ཚད་གཞི་ཇེ་མཐོར་བཏང་སྟེ། ཆ་སྙོམས་ཀྱིས་ལོ་རེར་སློབ་ཆུང་སློབ་མ་རེར་སྒོར600དང་དམའ་འབྲིང་སློབ་མ་རེར་སྒོར800ལ་སླེབས་པའི་རྨང་གཞི་སྟེང་། ཡང་བསྐྱར་ཤང་གྲོང་གི་འོས་འགན་སློབ་གསོའི་སློབ་མའི་སྤྱི་བའི་འགྲོ་གྲོན་ལ་སྒོར100ཇེ་མཐོར་བཏང་ཞིང་། དུས་མཚུངས་སུ་གྲོང་ཁྱེར་གྱི་དབུལ་ཕོངས་ཁྱིམ་ཚང་གི་བཅའ་སྡོད་སློབ་མར་འཚོ་བའི་ཁ་གསབ་བྱིན་པ་དང་། ལོ་རེར་སློབ་ཆུང་སློབ་མ་རེ་ལ་སྒོར1100དང་དམའ་འབྲིང་སློབ་མ་རེ་ལ1350ལ་སླེབས་ཡོད།

མཐོ་འབྲིང་སློབ་གསོའི་དུས་རིམ་དུ་མཐོ་འབྲིང་དཀྱིལ་མའི་སློབ་ཡོན་མེད་པར་བཏང་བ་དང་། སློབ་མ་རེར་སྤྱི་བའི་འགྲོ་གྲོན་ཚད་གཞི་སྒོར400ཁ་གསབ་བྱས། བསླབ་གཞིའི་རིན་པ་མེད་པར་བཏང་བ་དང་སློབ་མ་རེར་ལོ་རེར་སྒོར400ཁ་གསབ་བྱས། དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་རྒྱལ་ཁབ་ཀྱི་སློབ་རོགས་མ་དངུལ་སྒོར2000ཁ་གསབ་བྱས།

ལས་རིགས་སློབ་གསོའི་དུས་རིམ་དུ་འབྲིང་རིམ་ལས་རིགས་སློབ་གསོར་ལག་བསྟར་བྱེད་བཞིན་པའི་རིན་མེད་སློབ་གསོ་མུ་མཐུད་དུ་ལག་བསྟར་བྱས་ཏེ། སློབ་ཡོན་མེད་པར་བཏང་བ་དང་སློབ་མ་རེར་ཆ་སྙོམས་ཀྱིས་སྤྱི་བའི་འགྲོ་གྲོན་སྒོར3200ཁ་གསབ་བྱས།  །


  • ལེ་ཚན་སྔོན་མ།:ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་གཉིས་འཚོགས་པ།
  • ལེ་ཚན་རྗེས་མ།:​ “ལོ་ལྔའི་ཚན་བཅུ་གསུམ་པའི”རིང་སི་ཁྲོན་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་གྱི་དམངས་ཕན་ལམ་ལུགས་མང་པོ་ཁ་སྣོན་བྱས།
  • དོ་སྣང་ཆེ་བའི་རྩོམ།