མི་དམངས་དྲ་བ། 2019-12-24
ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་ཚེས་20དང་ཚེས་21ཉིན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་འབྲེལ་མིག་སྔའི“ཞིང་གསུམ”ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་དབྱེ་ཞིབ་བྱས་པ་མ་ཟད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་དམིགས་ནས་2020ལོའི“ཞིང་གསུམ”ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉིན་ཤས་གོང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ཚོགས་འདུའི་ཐོག“ཞིང་གསུམ”ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། ཞི་ཅིན་ཕིང་གིས་འབྱོར་འབྲིང་བྱུང་མིན་གྱི་འགག་རྩ་དེ་ཡུལ་མི་སྤུན་ཟླར་ལྟ་དགོས། དབུལ་སྒྲོལ་གྱི་སྤུས་ཚད་གང་འདྲ་བྱུང་མིན་དང་ཕྱོགས་ཡོངས་འབྱོར་འབྲིང་གི་ཕན་འབྲས་གང་འདྲ་བྱུང་མིན་དེ། ཚད་གཞི་མཐོ་པོ་ཞིག་གི་ཐོག་ནས་ཕྱི་ལོའི“ཞིང་གསུམ”གྱི་ལས་དོན་གྱི་གྲུབ་འབྲས་ལ་ལྟ་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ཐད། རྒྱལ་ཁ་མཐའ་གཅིག་ཏུ་མ་ཐོབ་བར་ལས་དོན་སྤེལ་མཚམས་མི་འཇོག་པ་དང་། ཐོན་ཁུངས་གཅིག་སྡུད་དང་། འགན་ལེན་ལ་ཤུགས་སྣོན། གནད་སྨིན་ཇུས་བསྟར་བཅས་བྱས་ཏེ“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་མགྱོགས་མྱུར་གསབ་དགོས་པ། སྡེ་ཚན་དང་ས་གནས་ཀྱི་འགན་འཁྲི་ནན་པོ་དཀྲིས་ཏེ། ཞིང་པའི་འབྲུ་རིགས་འདེབས་པའི་ཧུར་བརྩོན་རང་བཞིན་སྲུང་སྐྱོང་ཡག་པོ་བྱེད་པ་དང་། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་བརྟན་དུ་གཏོང་བ། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དམ་དུ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
ཚོགས་འདུའི་ཐོག《“ཞིང་གསུམ”ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་གྲོས་བསྡུར་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་འདི་ལོ་ཚུན་ཞིང་ལས་དང་གྲོང་གསེབ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་དང་། གནད་སྨིན་དབུལ་སྒྲོལ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ། གྲོང་གསེབ་ཀྱི་དམངས་འཚོ་སྔར་བས་ལེགས་སུ་ཕྱིན་པ། གྲོང་གསེབ་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་ཕྱིན་པ། གྲོང་གསེབ་སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བཅས་བྱུང་ཡོད། ཕྱི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཇུག་བསྡུའི་ལོ་ཡིན་པས། ངེས་པར་དུ་ཕྱི་ལོའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལ་ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་དང་ཡང་ཡང་བསྡུར་བ་དང་། བྱེད་ཐབས་ལ་ཤུགས་སྣོན་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་མཐའ་གཅིག་ཏུ་སྒྲུབ་པ། ཕྱོགས་ཡོངས་འབྱོར་འབྲིང་གི“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་མཐའ་གཅིག་ཏུ་གསབ་པ་བཅས་བྱས་ནས། “ཞིང་གསུམ”གྱི་མནོན་རྡོའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་རྒྱུ་ནི། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན་པས། ངར་ཤུགས་གཅིག་སྒྲིམ་དང་། དུས་བསྟུན་མདུན་སྐྱོད། སྟོབས་ཤུགས་གཅིག་སྒྲིལ་བཅས་ཀྱི་སྒོ་ནས་དབུལ་སྒྲོལ་གྱི་ལས་འགན་ལྷག་མ་རྣམས་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་དབུལ་པོར་བསྐྱར་ལོག་འགོག་པ་དང་། དབུལ་པོར་བསྐྱར་ལོག་གི་མི་འབོར་དང་གསར་དུ་ཐོན་པའི་དབུལ་པོའི་མི་འབོར་ལ་རོགས་རམ་བྱེད་པའི་ལས་དོན་དུས་ཐོག་ཏུ་སྒྲུབ་དགོས། ད་ལྟ་ལག་བསྟར་བྱེད་བཞིན་པའི་དབུལ་སྒྲོལ་གྱི་དམིགས་ཚད་མཐའ་འཁྱོངས་བྱས་ཏེ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”བརྟན་པོའི་ངང་མངོན་འགྱུར་ཡོང་རྒྱུར་འགན་ལེན་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་སྤྱི་ཡོངས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དབུལ་པོ་ཉུང་གཏོང་ལ་མུ་མཐུད་སྐུལ་འདེད་གཏོང་བའི་ལས་དོན་གྱི་ཞིབ་འཇུག་ལ་དམ་འཛིན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
ཚོགས་འདུའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཆེས་མངོན་གསལ་དོད་ཤོས་ཀྱི་ཞན་ཆ་ནི“ཞིང་གསུམ”ཡིན། གྲོང་གསེབ་ཀྱི་གཞི་རྩའི་རྨང་གཞིའི་སྒྲིག་བཀོད་སྐྲུན་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ལ་ཆུ་མཁོ་འདོན་འགན་ལེན་བྱེད་ཚད་མང་དུ་གཏོང་བ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ཡག་པོ་བྱེད་པ། གྲོང་གསེབ་ཀྱི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་སྤྱི་ཚོགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བཅས་བྱེད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་ཞིང་པའི་འབབ་འཕར་ནི་ཕྱོགས་ཡོངས་འབྱོར་འབྲིང་གི་གཞི་རྩའི་བླང་བྱ་ཞིག་ཡིན། གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་བཏང་ནས་རིགས་ཁག་གི་ཤེས་ལྡན་མི་སྣས་གྲོང་གསེབ་ཏུ་ལས་གཏོད་གསར་གཏོད་བྱ་རྒྱུར་སྐུལ་ལྕག་བྱེད་པ་དང་། ཞིང་པ་ལས་མི་ལས་ཞུགས་བརྟན་པོ་ཡོང་བ། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཐབས་ལམ་སྣ་མང་སྤྱད་ནས་ཞིང་པར་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
ཚོགས་འདུའི་ཐོག་ཞིང་ཞོར་ཐོན་ཟོག་གལ་ཆེན་དག་མཁོ་སྤྲོད་ནུས་ལྡན་བྱེད་པར་འགན་ལེན་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ“ཞིང་གསུམ”ལས་དོན་གྱི་དོན་ཆེན་ཨང་དང་པོ་ཡིན་པས་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ཤུགས་ཆེན་བྱེད་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་ཧྲེང་ཀྲང་གི་འགན་འཁྲིའི་ལམ་ལུགས་ལ་དཔྱད་ཞིབ་བྱེད་པར་ཤུགས་སྣོན་རྒྱག་པ། འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་ལ་བྱ་དགའ་སྤྲོད་པ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ཁ་གསབ་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཞིང་པའི་འབྲུ་འདེབས་ཀྱི་གཞི་རྩའི་ཁེ་འབབ་འགན་ལེན་བྱེད་པ། འབྲུ་རིགས་འདེབས་འཛུགས་ཀྱི་རྒྱ་ཁྱོན་བརྟན་དུ་གཏོང་བ། འབྲུ་རིགས་ཐོན་འབོར་བརྟན་པོ་ཡོང་བ་བཅས་བྱེད་དགོས། ཕག་པ་གསོ་ཚགས་མགྱོགས་མྱུར་སླར་གསོ་ཐུབ་པ་བྱས་ནས་ཞིང་ཆེན་གྱིས་སྤྱི་འགན་འཁུར་བ་དང་“ཤ་ཚལ་སྒོང་གསུམ”ཐད་ཀྱི་ཧྲེ་ཀྲང་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཕག་པ་གསོ་ཚགས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་བྱེད་དགོས། དེང་རབས་ཀྱི་ཞིང་ལས་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་གང་མགྱོགས་བསྐྲུན་པ། ཞིང་ཞོར་ཐོན་རྫས་མཛོད་འཇུག་སོས་ཉར་གྱི་གྲང་ཕྲེང་ཟོག་འགྲེམས་སྒྲིག་བཀོད་བསྐྲུན་པ། ཆུ་བེད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། “ཞིང་གསུམ”ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ས་སྤྱོད་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ཤེས་ལྡན་མི་སྣ་དང་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཀྱི་གཙོ་གནད་སྒྱུར་བཅོས་ལས་འགན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ས་ཞིང་འགན་གཙང་གི་འབྲེལ་བ་ཡུན་རིང་བརྟན་པོ་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་ཀྱི་སྒྱུར་བཅོས་ཚོད་ལྟ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་དགོས། གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་བཅོས་སྐྱོང་དང་ཞབས་ཞུའི་གཙོ་གནད་གཞི་རིམ་ལ་གཤམ་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་འགལ་ཟླ་དང་རྩོད་གཞི་ཧུར་ཐག་བསལ་ནས་གྲོང་གསེབ་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། གྲོང་གསེབ་ཀྱི་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ནས་ཡུལ་བབ་དང་བསྟུན་པ་དང་། ཞིང་པའི་འདོད་མོས་ལ་བརྩི་འཇོག་བྱེད་པ། རང་ནུས་གང་ཡོད་དང་ནུས་པས་ལྕོགས་ཚོད་བཅས་བྱས་ཏེ་ཁ་ཚ་དགོས་གཏུགས་ཀྱི་དོན་དག་རེ་རེ་བཞིན་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10