ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ5 ཚེས5 ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་གི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཟླ5 ཚེས5 ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་གི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་གཉིས་པ་གཙོ་སྐྱོང་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང་ཕྱོགས་ཡོངས་བཞི་ཞེས་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་བསྒྱུར་བཅོས་ཀྱི་ཁྱོན་ཡོངས་ཡང་དག་ངང་ཁོང་དུ་ཆུད་པ་བྱས་ཏེ་བསྒྱུར་བཅོས་ཀྱི་ཁྱོན་ཡོངས་ལ་བསྟུན་ནས་ཁེ་ཕན་གྱི་འབྲེལ་བ་ལེགས་སྒྲིག་ལ་ལྟ་སྟངས་བཟུང་སྟེ་ཁྱོན་ཡོངས་ཀྱི་བསྒྱུར་བཅོས་ལ་ཕན་ཐོགས་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཕན་ཐོགས། ཁོངས་གཏོགས་འདི་ག་དང་ཁྱབ་ཁོངས་འདི་གར་འཐུས་སྒོ་ཚང་བའི་སྒྲིག་སྲོལ་ལམ་སྲོལ་ཆགས་རྒྱུར་ཕན་ཐོགས་བཅས་ཡོད་ཕྱིན་ཚང་མས་བསྒྱུར་བཅོས་ཀྱི་ཁྱོན་ཡོངས་ལ་རང་རྟོགས་ངང་བསྟུན་པ་དང་། བསྒྱུར་བཅོས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་རང་གིས་རང་ལ་གསར་བརྗེ་བྱེད་ཕོད་པ་དང་གནད་དོན་ལ་གཏུག་ཕོད་པ་བྱས་ཏེ་ཐུན་མོང་ཐོག་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལས་ཀ་ལེགས་པར་བསྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཁེ་ཆང་དང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག《 ས་ཁོངས་ཁོངས་གཏོགས་ཁག་གཅིག་ཏུ་ཁྱོན་ཡོངས་ཀྱི་གསར་གཏོད་བསྒྱུར་བཅོས་ཚོད་ལྟར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཡོངས་ཇུས་གཞི》དང་། 《ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་ཐད་ཀྱི་བསྒྱུར་བཅོས་ཀྱི་ཚོད་ལྟའི་ཇུས་གཞི》 《བཅའ་ཁྲིམས་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཁོངས་གཏོགས་སློབ་ཚོགས་ཀྱིས་སྲིད་གཞུང་གི་གཞན་སྒྱུར་འགན་ནུས་གོ་རིམ་ལྡན་པའི་ངང་འཁུར་རྒྱ་ཆེ་རུ་གཏོང་བའི་ཚོད་ལྟའི་ལས་དོན་གྱི་ལག་བསྟར་ཇུས་གཞི》བཅས་ལ་གྲོས་ཞིབ་དང་གྲོས་འཆམ་བྱས་པ་རེད།
ཚོགས་འདུའི་ཐོག་ས་ཁོངས་ཁོངས་གཏོགས་ཁག་གཅིག་ཏུ་ཁྱོན་ཡོངས་ཀྱི་གསར་གཏོད་བསྒྱུར་བཅོས་ཀྱི་ཚོད་ལྟར་སྐུལ་འདེད་གཏོང་བ་ནི《སྒྲིག་སྲོལ་ལམ་སྲོལ་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གསར་གཏོད་ལ་བརྟེན་པའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག》ལག་བསྟར་དོན་འཁྱོལ་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་རེད། གསར་གཏོད་ལ་བརྟེན་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དམ་པོར་བཟུང་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་ལྟེ་བར་བྱེད་པ་དང་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་སེལ་རྒྱུ་གཙོ་རྒོལ་ཁ་ཕྱོགས་བྱས་ཏེ་བརྒྱུད་རིམ་གྱི་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་ཀྱི་བསྒྱུར་བཅོས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ཏེ་ཚན་རྩལ་དང་། དོ་དམ། སྤུས་རྟགས། རྩ་འཛུགས། ཚོང་ལས་བཅས་བྱེད་སྟངས་གསར་གཏོད་ལ་སྐུལ་མ་གཏོང་རྒྱུ་སྤྱི་འདོམས་དང་། དམག་དམངས་མཉམ་འདྲེས་གསར་གཏོད་ལ་སྐུལ་མ་གཏོང་རྒྱུ་སྤྱི་འདོམས། ནང་དུ་འདྲེན་པ་དང་ཕྱི་རུ་གཏོང་བ་ཞེས་པའི་མཉམ་ལས་གསར་གཏོད་ལ་སྐུལ་མ་གཏོང་རྒྱུ་སྤྱི་འདོམས་བཅས་བྱས་ཏེ་ངལ་རྩོལ་དང་། ཆ་འཕྲིན། ཤེས་བྱ། ལག་རྩལ། དོ་དམ། མ་རྩ་བཅས་ཀྱི་ལས་ཕྱོད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཞིག་ཆགས་པ་བྱས་ཏེ་གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས། སྲིད་ཇུས་ཀྱི་སྤྱི་འདོམས་དང་། ཇུས་གཞིའི་སྤྱི་འདོམས། སྟོབས་ཤུགས་ཀྱི་སྤྱི་འདོམས་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཚོད་ལྟའི་ས་ཁོངས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན་ཡོད། ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་འདོན་ཐབས་ལམ་ལུགས་འཛུགས་རྒྱུ་བཏོན་པའི་དམིགས་ཡུལ་ནི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་འཛིན་ནན་པོ་བྱ་རྒྱུར་སྐུལ་མ་བཏང་སྟེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོབ་དང་། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོབ། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོབ་བཅས་བྱ་རྒྱུ་དེ་རེད། སྲོག་ཤིང་ཡིན་པའི་སྤྱི་ཕན་དེ་དམ་འཛིན་བྱས་ཏེ་གཙོ་གནད་ནི་སྣོད་བཅུད་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་དང་། གཞུང་ཁོངས་རྒྱུ་ནོར་སྲུང་སྐྱོབ། གཞུང་ཁོངས་ས་ཆའི་སྤྱོད་དབང་ནང་བཤུག ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་སོགས་ཁྱབ་ཁོངས་སུ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་ཕོག་རིགས་ཀྱི་གྱོད་གཞི་དམངས་དོན་ནམ་ཡང་ན་སྲིད་འཛིན་གྱི་སྤྱི་ཕན་གཏུག་བཤེར་བྱས་ནས་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་སྔར་ལས་ལེགས་པ་བྱ་རྒྱུ་དེ་རེད་ཅེས་ནན་བཤད་བྱས་ཡོད།
ཚོགས་འདུའི་ཐོག་བཅའ་ཁྲིམས་རོགས་སྐྱོར་གྱི་ལས་དོན་ནི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་པས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་དམ་པོར་དམིགས་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་ཞུ་ལེགས་ཤིང་ཕན་འབྲས་ཆེ་བ་མཁོ་འདོན་བྱས་ནས་གྱོད་དོན་ཚང་མའི་ནང་ནས་མི་དམངས་མང་ཚོགས་ཚོར་དྲང་གཞག་དྲང་བདེན་ཚོར་ཐུབ་པ་བྱེད་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དམངས་འཚོའི་དགོས་མཁོ་དང་འཚམ་པར་བྱེད་པར་ཚད་གཞི་དམའ་རུ་གཏོང་བ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་བཅའ་ཁྲིམས་ཀྱི་བྱེད་ཐབས་ལ་བརྟེན་ནས་གཞི་རྩའི་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་དགོས། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཛིན་འགན་ལེན་ནང་བཅའ་ཁྲིམས་རོགས་སྐྱོར་གྱི་ནུས་པ་འདོན་རྒྱུར་དོ་སྣང་བྱེད་པ་དང་ཉེས་དོན་བཅའ་ཁྲིམས་ཀྱི་རོགས་སྐྱོར་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་དོ་བདག་གི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། བཅའ་ཁྲིམས་ཀྱི་རོགས་སྐྱོར་བརྒྱུད་དཀའ་ངལ་ཡོད་པའི་མང་ཚོགས་དང་འབྲེལ་བ་ཡོད་པའི་འགལ་བ་དང་རྩོད་རྙོག་ཁྲིམས་སྐྱོང་ཅན་གྱི་སྲོལ་ལམ་ཐོག་བཞག་ནས་ཐག་གཅོད་བྱེད་པ་དང་། སྤྱི་ཚོགས་ཀྱི་འགལ་བ་ནུས་ལྡན་ངང་སེལ་ནས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བཅའ་ཁྲིམས་ཀྱི་རོགས་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བཅའ་ཁྲིམས་ཀྱི་རོགས་སྐྱོར་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་ཚན་རྩལ་གསར་གཏོད་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བགྲོད་ལམ་བཤངས་ནས་ཚན་རྩལ་གསར་གཏོད་ཀྱི་མི་མངོན་པའི་ནུས་པ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འཕེལ་བ་བྱེད་ཆེད་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞི་བཟོ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད། གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱེད་པ་དང་། སྒྱུར་བཅོས་ཀྱི་ཁྱོན་ཡོངས་རང་བཞིན་མངོན་གསལ་དོད་པོར་འཇོག་པ། རྒྱུན་འཛིན་དང་འཕེལ་རྒྱས་ནན་བཤད་བྱེད་པ། བཀོལ་སྤྱོད་ཐུབ་པའི་རང་བཞིན་ལ་མཐོང་ཆེན་བྱེད་པ་བཅས་བྱས་ནས་ཚན་རྩལ་གསར་གཏོད་དང་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་འགལ་བ་གཅིག་ཏུ་བསྡུ་བ་དང་། མིག་སྔ་དང་ཕུགས་ཀྱི་བྱ་ཐབས་མཐུན་སྦྱོར་སྤྱི་འདོམས་བྱས་ནས་ལས་བགོས་དང་ལེགས་འགྲུབ་དུས་ཚད་གསལ་པོ་བཟོ་བ་དང་། དལ་ལྷོད་རན་པོ། གོམ་རིམ་དབྱེ་ནས་ལག་ལེན་བསྟར་བ་བཅས་བྱས་ནས་2020ལོར་སླེབས་སྐབས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་གལ་ཆེའི་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཐད་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱས་ཏེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་འཐབ་ཇུས་ཀྱི་བླང་བྱ་དང་འཚམ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་དང་ཚན་རྩལ་གསར་གཏོད་ཀྱི་འཕེལ་རྒྱས་ཆོས་ཉིད་དང་མཐུན་པའི་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་སྤྱིར་ན་འཛུགས་དགོས་ཞེས་ནན་བཤད་བྱས་ཡོད།