ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཉེ་ཆར་འབྱོར་བའི་གཏམ་གསར། 2014ལོའི་ཟླ་བ10པ་ནས་བཟུང་། རང་རྒྱལ་གྱིས་ན་ནིང་དགུན་ཁ་དང་ད་ལོའི་དཔྱིད་ཀའི་བར་གྱི་ཆུ་བེད་བསྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད། 2015ལོའི་ཟླ་བ3པའི་ཟླ་མཇུག་ལ་སླེབས་དུས་མ་དངུལ་སྒོར་དུང་ཕྱུར3467.54བཏང་ཡོད་ཅིང་། ཞིང་པས་ཉིན་མོ་དུང་ཕྱུར34.87གྱི་གེ་བརྒྱབ་སྟེ། ཁག་བགོས་ཏེ་ལོ་འཁོར་འཆར་གཞིའི་བརྒྱ་ཆ93.4དང་བརྒྱ་ཆ93.8ཟིན་ནས་ལོ་གོང་མ་ལས་ཁག་བགོས་ཏེ་བརྒྱ་ཆ7.8དང་བརྒྱ་ཆ6.5མགྱོགས་མྱུར་བྱུང་།
ཆུ་བེད་པུའུ་ཡི་ཞིང་ལས་ཆུ་བེད་སིའི་སི་ཀྲང་གཞོན་པ་ལི་ཝུན་ཅིན་གྱིས་བཤད་དོན། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་ས་ཞིང་ཆུ་བེད་ཀྱི་རྣམ་གྲངས་ཇེ་མགྱོགས་སུ་ལག་བསྟར་བྱས་ཤིང་། སྔར་ལས་ལྷག་པར་ཞིང་ཆུ་གཏོང་ཡུལ་གྱི་ཆུ་བེད་གྲོན་ཆུང་བཟོ་བཅོས་དང་འཛུགས་སྐྲུན་བྱེད་པར་མ་དངུལ་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་ཡོད་ལ། རྫོང་གིས་སྡེ་ཚན་བྱས་ཏེ་ཁྱོན་ཡོངས་ནས་ས་ཞིང་ཆུ་བེད་ཀྱི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་ཀྱང་བཏང་ཡོད། དུས་མཚུངས་སུ་ས་ཞིང་ཆུ་བེད་ཀྱི་དོ་དམ་སྒྲིག་གཞིའི་ནང་རྐྱེན་བཅོས་བསྒྱུར་ཇེ་ཟབ་ཏུ་བཏང་ཡོད། ཞིང་ཆུ་གཏོང་ཡུལ་དང་ཆུ་འཐེན་འཕྲུལ་འཁོར་གྱི་ས་ཚུགས་སོགས་དོ་དམ་སྒྲིག་གཞིའི་བཅོས་བསྒྱུར་བྱ་རྒྱུ་རྒྱུད་ཆད་མེད་པར་ཟབ་ཏུ་བཏང་ཞིང་། ས་ཞིང་ཆུ་བེད་ཆུང་གྲས་ཀྱི་ཐོན་དབང་ལམ་ལུགས་ཀྱི་བཅོས་བསྒྱུར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། རྫོང་གིས་སྡེ་ཚན་བྱས་ཏེ་རྒྱལ་ཡོངས་སུ་ས་ཞིང་ཆུ་བེད་ཀྱི་སྒྲིག་ཆས་བཅོས་བསྒྱུར་བྱེད་པའི་ཚོད་ལྟ་བྱེད་ས100སྤེལ་འགོ་བཙུགས་ཡོད། རྫོང80ཡི་ཞིང་ལས་ཆུ་རིན་གྱི་ཕྱོགས་བསྡུས་བཅོས་བསྒྱུར་བྱེད་པའི་ཚོད་ལྟ་ལས་ཀ་སྤེལ་བར་སྐུལ་འདེད་ཧུར་ཐག་བཏང་སྟེ་གྲུབ་འབྲས་རགས་ཙམ་ཐོབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཕྱིན་ཆད་ལ་ཆུ་བེད་པུའུ་ཡིས་ཞིང་ཆུ་གཏོང་བ་དང་ཆུ་རྐ་དྲ་བའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། ཞིང་ཆུ་འདྲེན་པའི་སྒྲིག་ཆས་ལེགས་བཅོས་བྱ་རྒྱུའི་ལས་དོན་ཡག་པོ་བྱེད་གང་ཐུབ་བྱ་རྒྱུ། ཞིང་ལས་ཀྱི་ཆུ་བེད་སྤྱོད་བྱེད་སྟངས་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་ཆུ་བེད་སྤྱོད་བྱ་རྒྱུའི་ཕན་ནུས་མཐོ་རུ་གཏང་རྒྱུ་དམིགས་ཡུལ་བྱས་ཏེ་ས་ཁོངས་ཀྱི་གཞི་ཁྱོན་ལྡན་པའི་ཕན་ནུས་མཐོར་ཞིང་ཆུ་བེད་གྲོན་ཆུང་སྒོས་ཞིང་ཆུ་གཏོང་བ་དང་རི་ཁུལ་དང་རི་མ་ཐང་ས་ཁུལ་གྱི་ཆུ་བེད་ཆུང་གྲས་ལྔའི་ལས་གྲྭ་དང་། ཆར་ཆུ་བསགས་ཏེ་ཞིང་ཆུ་འདྲེན་པའི་ལས་གྲྭ་བསྐྲུན་པར་སྐུལ་འདེད་ཇེ་མགྱོགས་སུ་གཏང་རྒྱུ། སྔར་ལས་ལྷག་པར་གཞི་རིམ་གྱི་ཆུ་བེད་ཞབས་ཕྱིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་སྡེའི་ཆུ་བེད་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏང་རྒྱུའོ།།