མཚོ་སྔོན་གྱི་བོད་སྨན་རང་བདག་གསར་སྐྲུན་ནུས་ཤུགས་ཇེ་ཆེར་སོང་ཡོད།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོའི་བོད་ཀྱི་དྲ་བ།    2015-04-17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་བསྡུས་ཟིན་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་གནང་བའི་ཚོགས་ཆེན་སྟེང་དུ། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་སོགས་ལས་ཁུངས་དུ་མས་མཉམ་འབྲེལ་སྒོས་ཡོངས་འགྲུབ་བྱས་པའི་བོད་སྨན་བདེ་འཇགས་དང་རྒྱུ་སྤུས་ཚོད་འཛིན་གྱི་གནད་འགག་ལག་རྩལ་ཞིབ་འཇུག་དང་དེའི་བཀོལ་སྤྱོད་བྱེད་ཐབས་ཞེས་པའི་ལས་གཞི་ལ2014ལོའི་མཚོ་སྔོན་ཞིང་ཆེན་ཚན་རྩལ་སྔོན་ཐོན་གྱི་བྱ་དགའ་ཨང་དང་པོ་བྱིན། ལས་གཞི་འདིས་བོད་སྨན་འཕེལ་རྒྱས་ཀྱི་བར་ཆད་ལ་དམིགས་ཏེ། ཞིབ་འཇུག་བྱེད་ཐབས་གསར་སྐྲུན་དང་གནད་འགག་གི་ལག་རྩལ་དཀའ་གནད་སེལ་ནས། བོད་སྨན་འཕེལ་རྒྱས་དང་བདེ་འཇགས་སྐོར་ལ་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱས་ཡོད།

མཚོ་སྔོན་ནི་བོད་སྨན་གྱི་འབྱུང་ཁུངས་གཙོ་གྲས་ཤིག་ཡིན་པ་དང་། དེར་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ལྡན། འབྲེལ་ཡོད་གཞི་གྲངས་ལྟར་ན། 2013ལོའི་ལོ་མཇུག་བར་དུ། མཚོ་སྔོན་ནས་ཁྱོན་བསྡོམས་བོད་སྨན་ཁང26བཙུགས་པ་དང་། ནད་ཁྲི2045ལྔ་གསར་དུ་ཁ་སྣོན་བྱས་ཡོད་ལ། ནད་པ་མི་ཐེངས་ཁྲི52ལ་ནད་བཅོས་བྱས་ཏེ། ལོ་ཧྲིལ་བོར་སྨན་ཁང་དུ་བསྡད་དེ་ནད་བཅོས་བྱས་པའི་མི་གྲངས་བསྡོམས་པས་ཁྲི3.2ལ་བསླེབས་ཡོད་པས། རྩ་བའི་ཆ་ནས་བོད་སྨན་སྨན་བཅོས་དང་བོད་སྨན་རིག་ཚན། བོད་སྨན་སློབ་གསོ། བོད་སྨན་རིག་གནས། བོད་སྨན་ཐོན་སྐྱེད་ཚོང་གཉེར་བཅས་གཙོ་བོ་ཡིན་པའི་ཐོན་ལས་ཀྱི་མུ་ཁྱུད་ཅུང་ཆ་ཚང་བ་ཞིག་དང་འཕེལ་རྒྱས་ཀྱི་མ་ལག་འཛོམས་པོ་ཞིག་གྲུབ་སྟེ། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད།

བོད་སྨན་བདེ་འཇགས་དང་རྒྱུ་སྤུས་ཚོད་འཛིན་གྱི་གནད་འགག་ལག་རྩལ་ཞིབ་འཇུག་དང་དེའི་བཀོལ་སྤྱོད་བྱེད་ཐབས་ཞེས་པའི་ལས་གཞི་འདི་ནི། བོད་སྨན་ལས་རིགས་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་གཙོ་བོ་གསུམ་ཐག་གཅོད་ཡག་པོ་ཡོང་བར་ཆེད་དུ་དམིགས་ནས་བཙུགས་པ་ཞིག་ཡིན་ཞིང་། གཏེར་དངོས་སྨན་རྫས་ཁྲོད་འདུས་པའི་ལྕགས་རིགས་ལྕི་མོའི་སྐོར་གྱི་བདེ་འཇགས་རང་བཞིན་ལ་ཁག་ཐེག་བྱེད་པའི་གནད་དོན་དང་། བོད་སྨན་གྱི་བདེ་འཇགས་སྤུས་ཚད་ལ་ཚོད་འཛིན་བྱེད་པའི་སྤྱིའི་ཆུ་ཚད་མངོན་གསལ་མཐོར་འདེགས་གཏོང་བའི་གནད་དོན། སྲོལ་རྒྱུན་རྙོག་འཛིང་གི་སྨན་སྦྱོར་ལག་ཤེས་རྒྱས་འགྲེལ་བྱེད་པའི་ཁྲོད་གནས་པའི་གནད་དོན་བཅས་ཡིན་ལ། གནད་དོན་དེ་གསུམ་པོ་ཐག་གཅོད་ཡང་དག་ཡོང་ཆེད། གསར་སྐྲུན་ཞིབ་འཇུག་གི་བྱེད་ཕྱོགས་དང་གནད་འགག་གི་གནད་དོན་གཏོར་བའི་ལག་རྩལ་བཅས་གང་ལ་གང་འཚམ་སྤྱད་དེ། དེས་བོད་སྨན་ལས་རིགས་སྤྱིའི་ལག་རྩལ་མཐོར་འདེགས་དང་ཐོན་ལས་སྒྲིག་གཞི་ལེགས་བཅོས་ཀྱི་རིམ་པ་འཕར་བར་ཡར་སྐུལ་བྱས་ཡོད།  

  • ལེ་ཚན་སྔོན་མ།:ཡུལ་ཤུལ་ཁུལ་གྱིས་ལྷད་མེད་དྲིན་གཟོ་དང་སྐྱེ་ཁམས་དྲིན་འཇལ་ཞེས་པའི་བརྗོད་བྱའི་བྱ་འགུལ་སྤེལ།
  • ལེ་ཚན་རྗེས་མ།:བོད་ལྗོངས་མངའ་རིས་ཀྱི་གུ་རུ་གྱམ་བང་སོ༢༠༡༤ལོའི་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་གསར་པ་ཆེ་གྲས་བཅུའི་ནང་ཚུད།
  • དོ་སྣང་ཆེ་བའི་རྩོམ།