བོད་ལྗོངས་མངའ་རིས་ཀྱི་གུ་རུ་གྱམ་བང་སོ༢༠༡༤ལོའི་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་གསར་པ་ཆེ་གྲས་བཅུའི་ནང་ཚུད།
བོད་ལྗོངས་འཕྲིན་དྲ། 2015-04-17
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་གསར་པ་ཆེ་གྲས་བཅུ་སྤྱི་ཚེས9ཉིན་གྱི་ཕྱི་དྲོ་ཡོངས་བསྒྲགས་བྱས་པ་དང་།རང་ལྗོངས་ཀྱི་མངའ་རིས་གུ་རུ་གྱམ་བང་སོ་དང་ཆུ་འཐག་བང་སོ་གཉིས་དེའི་ནང་ཚུད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།2012ལོ་ནས2014ལོའི་བར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་།རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གིས་མངའ་རིས་སེང་གེ་ཁ་འབབ་སྟོད་རྒྱུད་ཀྱི་གུ་རུ་གྱམ་བང་སོ་དང་ཆུ་འཐག་བང་སོར་མཉམ་འབྲེལ་ཐོག་སྔོག་འདོན་བྱས་པས།ས་སྦུག་བང་སོ་དང་བྲག་ཕུག་བང་སོ་ཁ་ཅིག་བཙལ་རྙེད་ཐུབ་པ་མ་ཟད་གཙང་སེལ་བཟོས་ཟིན་ནས་རིན་ཐང་བྲལ་བའི་རིག་དངོས་མང་པོ་རྙེད་ཡོད་པ་རེད།
ཀྲུང་གོ་གནའ་རྫས་རྟོག་ཞིབ་སློབ་ཚོགས་ཀྱི་ལས་འཛིན་དཔོན།ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་དབུ་འཛིན་ཝང་ཝུའེ་ཡིས་མངའ་རིས་ཀྱི་གུ་རུ་གྱམ་བང་སོ་དང་ཆུ་འཐག་བང་སོ་བཙལ་རྙེད་ཐུབ་པ་དེས་ང་ཚོར་མཐོང་དཀའ་བའི་ལོ་ངོ་ཉིས་སྟོང་ལྷག་གོང་གི་བོད་བྱང་ཐང་ས་ཁུལ་གྱི་སྟོབས་ཆེའི་ཞང་ཞུང་རྒྱལ་ཁབ་ཀྱི་རིག་གནས་རྣམ་པ་དང་དེ་བཞིན་ཀྲུང་ཡོན་རྒྱལ་རབས་དང་ཉེ་འཁོར་ས་ཁུལ་གྱི་རིག་གནས་སྤེལ་རེས་བྱེད་ཚུལ་ཤེས་རྟོགས་ཐུབ་པ་བྱས་པ་དང་།གནའ་རྫས་རྟོག་ཞིབ་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
ད་རེས་དཔྱད་དཔོགས་བྱས་པའི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་གསར་པ་ཆེ་གྲས་བཅུ་པོ་དེ་ནི།ན་ནིང་ཞིབ་མཆན་ཐོབ་པའི་རྒྱལ་ཡོངས་ཀྱི་གནའ་རྫས་སྔོག་འདོན་གྱི་རྣམ་གྲངས688ནང་ནས་ཞིབ་བཤེར་བྱས་པ་བརྒྱུད་འདེམ་ཐང་ཐོག་མ་ཐོབ་ནས།མཐའ་མའི་དཔྱད་ཞིབ་རྣམ་གྲངས25ནང་ཚུད་པ་དང་སླར་ཡང་ས་ཆ་དངོས་སུ་དཔེ་སྟོན་དང་དཔྱད་དཔོགས་ཨུ་ཡོན་ལྷན་ཁང་གིས་འདེམས་ཤོག་འཕངས་ཏེ་བདམས་ཐོན་བྱུང་བ་རེད། །