མཚོ་སྔོན་བོད་སྐད་རྒྱང་སྒྲོག 2015-04-17
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། ཡུལ་ཤུལ་ཁུལ་གྱི་གེ་སར་ཐང་ཆེན་ནས་ལྷད་མེད་དྲིན་གཟོ་དང་སྐྱེ་ཁམས་དྲིན་འཇལ་ཞེས་པའི་བརྗོད་བྱའི་བྱ་འགུལ་སྤེལ་བའི་མཛད་སྒོ་བསྡུས། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཅི་ཏིས་མ་ཅ་དང་། མཚོ་སྔོན་ཞིང་ཆེན་དང་ཡུས་ཧྲུའུ་ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད། རྒྱལ་ཡོངས་ཀྱི་རོགས་སྐྲུན་ལས་ཁུངས་ཁ་ཤས་ཀྱི་འཐུས་མི། ཡུལ་ཤུལ་ཁུལ་ཐད་གཏོགས་ལས་ཁུངས་དང་གྲོང་ཁྱེར་དང་རྫོང་སོ་སོའི་ལས་བྱེད་པ་དང་ལས་བཟོ་བ། དགེ་སློབ། སྨན་བཅོས་བྱ་བ་སྒྲུབ་མཁན། བཅའ་སྡོད་དམག་དཔུང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ། མང་ཚོགས་ཀྱི་འཐུས་མི་བཅས་མི་སྟོང་གསུམ་ལྷག་བྱ་འགུལ་ལ་ཞུགས།
བྱ་འགུལ་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུ་དང་བསྡོངས་ནས་མགོ་བརྩམས།
ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་ཝུན་གོ་ཏུང་གིས་བཤད་རྒྱུར། ལོ་ལྔའི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་ཟབ་མོ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོ། རོགས་འཛུགས་ས་ཁུལ་དང་རོགས་འཛུགས་ཁེ་ལས་ཀྱི་ཁ་གཏད་རོགས་འཛུགས་བཅས་ཀྱི་འོག་ཏུ། ཡུལ་ཤུལ་མི་དམངས་ཀྱིས་བཀའ་དྲིན་སེམས་ལ་བཅངས་ཏེ་འབད་པ་ལྷུར་ལེན་གྱིས་ས་འགུལ་གནོད་སེལ་དང་གནོད་ཤུལ་བསྐྱར་འཛུགས་ཐད་ནས་མི་སེམས་འགུལ་བའི་ཡུལ་ཤུལ་གྱི་ཁྱད་མཚར་དང་ཡུས་ཧྲུའུ་ཡི་མྱུར་ཚད། ཡུལ་ཤུལ་གྱི་རྣམ་པ། ཡུལ་ཤུལ་གྱི་སྙིང་སྟོབས་བཅས་བསྐྲུན་པས། སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་གསར་བ་ཞིག་གཙང་གསུམ་འབྱུང་ཡུལ་དུ་ཀྲོང་ངེར་འགྱིང་ཡོད། ཡུལ་ཤུལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ཟབ་སྤེལ་བྱེད་པ།ཡུལ་ཤུལ་གསར་བའི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱེད་པ་དང་། ཡུལ་ཤུལ་གསར་བའི་འབྱོར་འབྲིང་འཛུགས་སྐྲུན་ཁྱོན་ཡོངས་ནས་སྤེལ་ཏེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་ཡུལ་ཤུལ་གསར་བ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་ཡིན་ལ། ལྷད་མེད་དྲིན་གཟོ་དང་སྐྱེ་ཁམས་དྲིན་འཇལ་ཞེས་པའི་ཆབ་སྲིད་ཀྱི་ལས་འགན་དང་ལོ་རྒྱུས་ཀྱི་འགན་ཁུར་སེམས་ལ་དམ་པོར་བཅངས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལྕགས་རི་ལ་སྲུང་སྐྱོབ་བཟང་བོ་དང་འཛུགས་སྐྲུན་བཟང་བོ་བྱེད་པའི་བྱ་སྤྱོད་དངོས་ཀྱིས་རྒྱལ་ཁབ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ཡིན་ཟེར།
བྱ་འགུལ་སྤེལ་ཡུལ་ནས། འབྲི་སྟོད་དང་རྫ་སྟོད། ཆུ་དམར་ལེབ་བཅས་རྫོང་གསུམ་གྱི་ཆུ་ཁུར་བུ་མོས་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་ཆུ་ནང་དུ་བཅུས་ཡོད་པའི་ཆུ་ཟེའུ་ན་གཞོན་འཐུས་མི་ལ་སྤྲད། ཡུལ་ཤུལ་ཁུལ་གྱི་འཐུས་མིས་རོགས་སྐྲུན་ས་ཁུལ་དང་ཁེ་ལས་ལ་དྲིན་གཟོའི་དར་ཆ་ཕུལ་བ་མ་ཟད། སྟོབས་ཤུགས་ཡོད་རྒུས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ལྕགས་རི་འཛུགས་སྐྲུན་བཟང་བོ་དང་དེར་སྲུང་སྐྱོབ་བཟང་བོ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཀྱི་དམ་བཅའ་བཞག །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10