ཞི་ཅིན་ཕིང་གིས་དབུལ་ཐར་འགག་སྒྲོལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།

        2018-10-29

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ10ཚེས17ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་ལྔ་པ་སླེབས་པའི་སྐབས་དེར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་སྟེ། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ40ནི་རང་རྒྱལ་གྱིས་རིམ་བཞིན་དབུལ་པོ་མེད་པར་བཟོས་པའི་ལོ40ཡིན་ཞིང་། ལོ40རིང་རྒྱུན་མཐུད་འབད་འཐབ་བྱས་ཏེ། མི་འབོར་དུང་ཕྱུར7དབུལ་ཐར་ཐུབ་ནས་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་ཡོད། ད་ཆ་ཀྲུང་ཧྭ་མི་རིགས་ལ་ལོ་ངོ་མང་པོའི་ནང་གནས་པའི་ཤིན་ཏུ་དབུལ་བའི་གནད་དོན་དེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་སྟེ་དབུལ་ཐར་འགག་སྒྲོལ་གྱི་འགག་རྩའི་དུས་མཚམས་སུ་སླེབས་པའི་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ལམ་ལྷོང་འབྱུང་ཉེར་དཀའ་ངལ་ལྷག་པར་ཆེ་ཞེས་པ་ལྟར། འགག་རྩའི་དུས་སུ་ཇི་ཙམ་སླེབས་པ་དེ་ཙམ་གྱིས་ངེས་པར་དུ་རྒྱལ་ཐུབ་པ་བྱེད་པའི་ཡིད་ཆེས་བརྟན་དུ་གཏོང་བ་དང་། དེ་ཙམ་གྱིས་ངར་ཤུགས་ཆེན་པོས་ཆོད་སེམས་བརྟན་པོ་ཡོད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་ཏན་ཏིག་ངང་འཁུར་ཐུབ་པ་དང་དངོས་འཛིན་དངོས་སྒྲུབ་ཐུབ་པ་བྱེད་པ་དང་། ས་ཁུལ་དབུལ་པོའི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཚོས་མུ་མཐུད་འབད་འབུངས་ཡར་བརྩོན་དང་དཀའ་སྤྱད་སྙིང་རུས་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་མི་ཁྲི་སེམས་གཅིག་དང་དམིགས་ཚད་གཏན་འཁེལ་གྱིས་ནུས་ཤུགས་ཡོད་རྒུས་ལས་དོན་སྒྲུབ་པ་བཅས་བྱས་ཚེ་དུས་བཀག་ལྟར་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ངེས་རེད་ཅེས་གསུངས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་གྱིས་གནད་སྨིན་དབུལ་ཐར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ལྷག་པར་དུ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་ཐར་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་བརྒྱབ་ནས་དམིགས་བསལ་གྱི་མི་འབོར་དབུལ་པོར་དམིགས་ཏེ་དེ་བས་ནུས་ལྡན་གྱི་རོགས་སྐྱོར་བྱ་ཐབས་བཟོ་དགོས། མ་དངུལ་ལ་ལྟ་སྐུལ་དོ་དམ་ནན་པོར་བྱས་ཏེ་དབུལ་སྐྱོར་གྱི་དཔྱད་ཞིབ་དཔྱད་དཔོག་དང་ལྟ་ཞིབ་སྐོར་ཞིབ་འཐུས་སྒོ་ཚང་དུ་གཏང་དགོས། དབུལ་སྐྱོར་དང་བློ་སྐྱོར། རིག་སྐྱོར་བཅས་ཟུང་འབྲེལ་བྱས་ཏེ་ས་ཁུལ་དབུལ་པོའི་མི་འབོར་དབུལ་པོའི་ནང་སྐྱེས་ཀྱི་སྒུལ་ཤུགས་དེ་བས་ནུས་ལྡན་འཕེལ་བར་བྱས་ནས་འདི་ལོ་མི་འབོར་དབུལ་པོ་ཁྲི1000ཡན་སླར་ཡང་ཉུང་དུ་གཏང་རྒྱུའི་ལས་འགན་ལེགས་འགྲུབ་དང་། 2020ལོར་སླེབས་སྐབས་རང་རྒྱལ་དུ་ད་ལྟ་སྤྱོད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་ཐར་ཐུབ་པའི་འགན་ལེན་བྱས་ཏེ་ས་ཁོངས་རང་བཞིན་གྱི་དབུལ་པོ་སྤྱི་ཁོག་ཐོག་དབུལ་ཐར་ཐུབ་པ་བྱ་དགོས་ཞེས་གསུངས་པ་རེད།

རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་དང་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་དེ་ཚེས17ཉིན་གྱི་སྔ་དྲོ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། ཁོང་གིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་དབུལ་སྐྱོར་དང་དབུལ་ཐར་གྱི་སྔོན་ཐོན་དཔེ་སྟོན་དང་དཔེ་མཚོན་གྱི་སྣེ་འཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་བརྟན་པོ་དང་། དབུལ་སྐྱོར་དཀའ་སེལ་དང་ཕན་ཚུན་ལྟ་སྐྱོང་གི་དགའ་གཅེས་ཆེན་པོའི་སྙིང་སྟོབས། རང་སྟོབས་རང་སྤེལ་དང་གསར་གཏོད་ཡར་བརྩོན་གྱི་འབད་འཐབ་སྙིང་སྟོབས། བསམ་ཕོད་ལ་བྱེད་ཕོད་པ་དང་འཚོལ་ཞིབ་བྱེད་ཕོད་པའི་གསར་རྩོམ་གྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེ་རུ་བཏང་ནས་ཆེས་རྒྱ་ཆེའི་སྤྱི་ཚོགས་སྐུལ་སློང་གིས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་རྣམ་པ་གཏོད་པ་དང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་ཐུབ་པ་བྱ་དགོས་པའི་ནན་གསུང་གནང་བ་རེད།།


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྐབས་བརྒྱད་པའི་སྒྱུ་རྩལ་དུས་ཆེན་དབྱི་པིང་གྲོང་ཁྱེར་དུ་འགོ་བཙུགས།
  • ལེ་ཚན་རྗེས་མ།:ནད་གཞི་ཆེན་པོ་བཅོས་པར་ཆེད་དོན་མ་དངུལ་བཏང་སྟེ་ཞིང་སྡེའི་ནད་པ་དབུལ་པོ་ཁྲི་བརྒྱ་ལ་རོགས་སྐྱོབ་སྨན་བཅོས་བྱས་ཡོད།
  • དོ་སྣང་ཆེ་བའི་རྩོམ།