གངས་སྐྱིད་ཀྱིས་བསྒྱུར། 2018-10-29
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ10པའི་ཚེས17ཉིན་འབྱོར་བའི་གཏམ་གསར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱི་ཞིང་སྡེའི་དབུལ་པོ་མི་འབོར་ནད་ཆེན་པོ་ཕོག་པར་ཆེད་དོན་རོགས་སྐྱོབ་མ་དངུལ་བཏང་སྟེ་རིམ་རྩིས་བྱས་ན་མི་ཁྲི99.6ལ་རོགས་སྐྱོབ་སྨན་བཅོས་བྱས་ཐུབ་ཡོད་ལ། སྨན་བཅོས་ཀྱི་འགྲོ་གྲོན་ཡང་ཕན་ནུས་ལྡན་པའི་སྒོ་ཚོད་འཛིན་བྱ་ཐུབ་ཡོད།
2018ལོའི་ཟླ་བ8པའི་ཟླ་མཇུག་བར། ཞིང་སྡེའི་དབུལ་པོ་མི་འབོར་ནད་ཆེན་པོ་ཕོག་མཁན་ཁྲི26.1ཡོད་པ་དང་དེའི་ནང་གི་མི་ཁྲི22.6ལ་རོགས་སྐྱོབ་སྨན་བཅོས་བྱས་ཡོད་ཅིང་། རིམ་རྩིས་བྱས་ན་མི99.6ལ་རོགས་སྐྱོབ་སྨན་བཅོས་བྱས་ཡོད། མིག་སྔར། ཆེད་དོན་རོགས་སྐྱོབ་སྨན་བཅོས་བྱ་རྒྱུའི་ནད་རིགས་ཀྱི་འགྲོ་སོང་རྩིས་ཞུ་བྱེད་ཚད་རིམ་རྩིས་བྱས་ན་བརྒྱ་ཆ81.2ལ་ཟིན་ནས་ཆེད་དོན་གྱི་རོགས་སྐྱོབ་སྨན་བཅོས་ལས་ཀ་མ་སྤེལ་སྔོན་ལས་བརྒྱ་ཆ37.3མཐོ་རུ་ཕྱིན་ཡོད། ཆེད་དོན་རོགས་སྐྱོབ་སྨན་བཅོས་བྱ་རྒྱུའི་ནད་རིགས་ཀྱི་ཆ་སྙོམས་མི་རེའི་འགྲོ་གྲོན་དེ་སྒོར6205ཡིན་པ་དང་། ནད་རིགས་སྣ་ཚོགས་ཀྱི་ཆ་སྙོམས་གྲོན་དངུལ་དེ2016ལོ་ནས་མངོན་གསལ་དོད་པོར་མར་ཆག་ཡོད།
ནད་ཕོག་པའི་རྐྱེན་གྱིས་དབུལ་ཕོངས་སུ་གྱུར་བའི་གནས་ཚུལ་མ་བྱུང་སྔོན་འགོག་བྱ་ཆེད། 2016ལོར་རང་རྒྱལ་གྱིས་བདེ་ཐང་དབུལ་སྐྱོར་ལས་གྲྭ་སྤེལ་འགོ་བཙུགས་ཏེ་ནད་ཆེན་པོ་དང་གཅོང་ནད་ཕོག་པའི་ཞིང་སྡེའི་དབུལ་པོ་མི་འབོར་ལ་རིགས་བགོས་སྟེ་རོགས་སྐྱོབ་སྨན་བཅོས་བྱས་ཡོད། 2017ལོར་དཔར་འགྲེམས་བྱས་པའི《ཞིང་སྡེའི་དབུལ་པོ་མི་འབོར་ནད་ཆེན་པོ་ཕོག་པར་ཆེད་དོན་རོགས་སྐྱོབ་སྨན་བཅོས་བྱ་རྒྱུའི་ལས་ཀའི་འཆར་གཞི》ཡི་ནང་གསལ་པོར་བསྟན་དོན། བྱིས་པའི་ལྷན་སྐྱེས་སྙིང་ནད་དང་། བྱིས་པའི་ཁྲག་རིལ་དཀར་པོའི་འབྲས་སྐྲན། མིད་པའི་འབྲས་སྐྲན་སོགས་ནད་ཆེན་པོ་ཕོག་མཁན་གྱི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་པོ་མི་འབོར་དང་ཞིང་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་ལོངས་སྤྱོད་བྱེད་མཁན་དུད་ཚང་། ཆེས་དཀའ་ངལ་ལྡན་པའི་མི་ཚོགས་ལ་གཅིག་བསྡུས་རོགས་སྐྱོབ་སྨན་བཅོས་དང་དོ་དམ་བྱ་རྒྱུ་ཡིན་པ་རེད།
འབྱུང་འགྱུར་དུ་ནད་རིགས་དེ་བས་མང་པོ་རོགས་སྐྱོབ་སྨན་བཅོས་བྱ་རྒྱུའི་ཁོངས་སུ་འཇུག་རྒྱུ་དང་། འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས2019ལོར་ཞིང་སྡེའི་དབུལ་པོ་མི་འབོར་ནད་ཆེན་པོ་ཕོག་པར་རོགས་སྐྱོབ་སྨན་བཅོས་བྱ་རྒྱུའི་ནད་རིགས་དེ25ལ་རྒྱ་སྐྱེད་གཏང་རྒྱུ་དང་། 2020ལོར་བསླེབ་ཚེ་ནད་རིགས30ལ་རོགས་སྐྱོབ་སྨན་བཅོས་བྱ་གང་ཐུབ་བྱས་ཏེ་ཞིང་སྡེའི་དབུལ་པོ་མི་འབོར་ནད་ཆེན་པོ་ཕོག་པར་རོགས་སྐྱོབ་སྨན་བཅོས་དང་མ་མཐའི་སྨན་བཅོས་ཉེན་སྐྱོབ་བྱེད་པའི་ལམ་ལུགས་གཞི་རྩའི་ཐོག་འཛུགས་གང་ཐུབ་བྱ་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10