2018-09-25
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས21ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྗོངས་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་རེད།
ཚོགས་འདུ་མ་འཚོག་གོང་། ཆེ་དགྲ་ལྷ་དང་བཅས་པས་ལྗོངས་ཡོངས་ཀྱི“དྲ་སྦྲེལ+སྲིད་དོན་ཞབས་ཞུའི”ལས་སྟེགས་དང་། ལྗོངས་བཟོ་ཚོང་ཅུས་ཀྱི་ཁེ་ལས་ཐོ་འགོད་བརྒྱུད་རིམ་ཧྲིལ་པོའི་གློག་རྡུལ་ཅན་གྱི་ཞབས་ཞུའི་ལས་སྟེགས། ལྷ་ས་གྲོང་ཁྱེར་གྲོང་མིའི་ཞབས་ཞུ་ལྟེ་གནས་ཀྱི་དྲ་ཐོག་ལས་སྒྲུབ་ལས་སྟེགས་བཅས་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད། མིག་སྔར། རང་ལྗོངས་ཀྱི“དྲ་སྦྲེལ+སྲིད་དོན་ཞབས་ཞུ”འཛུགས་སྐྱོང་ཐད་གོང་འོག་མཉམ་འགུལ་གྱི་ལས་ཀའི་རྣམ་པ་ཞིག་རིམ་བཞིན་ཆགས་པ་དང་། ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ། ལས་སྟེགས་ཁག་གི་འཛུགས་སྐྱོང་འཕེལ་རིམ་མངོན་གསལ་དོད་པོས་མགྱོགས་སུ་དང་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་བཅས་ལས་རང་ལྗོངས་ཀྱི་སྲིད་གཞུང་གི་ཞབས་ཞུ་ཚད་ལྡན་ཅན་དང་། གནད་སྨིན་ཅན། སྟབས་བདེ་ཅན། ལས་སྟེགས་ཅན། མཉམ་རུབ་ཅན་བཅས་ཡོང་རྒྱུར་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད། ལས་སྒོ་གཉེར་སའི་སྐར་ཁུང་དུ་ཆེ་དགྲ་ལྷས་ད་དུང་ཞབས་ཞུའི་དོན་གནད་དང་། སྒྲུབ་གཉེར་བརྒྱུད་རིམ། སྒྲུབ་མཇུག་འགྲིལ་བའི་དུས་ཚོད་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ལས་སྒོ་གཉེར་བཞིན་པའི་ཕྱི་རྒྱལ་བ་ཞིག་གིས་ལས་སྒོ་གཉེར་སྐབས་སྟབས་བདེ་པོ་འདི་འདྲ་ཡོད་པ་བསམ་ཡུལ་ལས་འདས་སོང་། བློ་ཡིད་ཚིམ་པོ་བྱུང་ཞེས་བསྔགས་བརྗོད་བྱས། ཆེ་དགྲ་ལྷས་སྒྲུབ་གཉེར་བརྒྱུད་རིམ་སྔར་བས་ལེགས་སུ་གཏོང་བ་དང་ཆ་འཕྲིན་གྱི་བཀག་རྒྱ་བསལ་ནས་གྲངས་གཞི་མང་ཙམ་འཁོར་རྒྱུག་དང་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་ཡོང་བ་བྱས་ཏེ་ཁྲོམ་རའི་བྱེད་པོར་གསོན་ཤུགས་སྤྲོད་པ་དང་མང་ཚོགས་ལ་སྟབས་བདེ་བསྐྲུན་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་སྡེ་ཚན་གྱི་གནས་ཚུལ་སྙན་སེང་གསན་རྗེས། ཆེ་དགྲ་ལྷས་ཀྲུང་དབྱང་གིས“2018ལོའི་ལོ་མཇུག་གོང་རང་སྐྱོང་ལྗོངས་རིམ་པའི་སྲིད་དོན་ཞབས་ཞུའི་དོན་གནད་དྲ་ཐོག་ནས་གཉེར་ཆོག་ཚད་80%ལས་མི་དམའ་བ་བྱེད་དགོས་པ་དང་། གྲོང་ཁྱེར་དང་རྫོང་རིམ་པའི་སྲིད་དོན་ཞབས་ཞུའི་དོན་གནད་དྲ་ཐོག་ནས་གཉེར་ཆོག་ཚད་50%ལས་མི་དམའ་བ་བྱེད་དགོས་པའི་ལས་འགན་དམིགས་ཚད”བཏོན་ཡོད། ང་ཚོས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་རང་སྐྱོང་ལྗོངས་ཀྱི་ལས་དོན་གྱི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ལས་དོན་དེར་སྐུལ་འདེད་གཏོང་རྒྱུ་དེ་ཉིད“འགོ་ཁྲིད་པ་ཨང་དང་པོའི”འདུ་འགོད་དུ་བརྩི་བ་དང་། དུས་ཚོད་ཀྱི་མཚམས་ཚིག་ཁ་གསལ་བཟོ་བ། སྔར་བས་ནུས་ཤུགས་འདོན་པ་དང་སླར་ཡང་མྱུར་ཚད་མཐོ་རུ་གཏོང་བ་བཅས་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཁག་གི་ཆ་འཕྲིན་གྱི“འཕར་རྩ”དངོས་སུ་གཤོངས་དགོས་ཞེས་གསུངས་པ་རེད།
ཆེ་དགྲ་ལྷས་གཅིག་གྱུར་གྱི་བཀོད་འདོམས་མ་ལག་བཙུགས་ཏེ“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ་དང་། སྤྱི་འདོམས་འཆར་འགོད་དང་མཉམ་རུབ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཐོན་ཁུངས་དང་གྲངས་གཞི་བསྡུ་སྒྲིལ་བཅས་བྱས་ཏེ་བསྐྱར་ཟློས་དང་ཁ་ཐོར་འཛུགས་སྐྱོང་ལས་གཡོལ་དགོས་པ་དང་། གཅིག་གྱུར་གྱི་ཚད་གཞིའི་མ་ལག་བཙུགས་ཏེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་དབང་ཆའི་གསལ་ཐོ་དང་། འགན་འཁྲིའི་གསལ་ཐོ། བཀག་རྒྱའི་གསལ་ཐོ་བཅས་ཀྱི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་དགོས་པ། གཅིག་གྱུར་གྱི་ཐོབ་ཐང་བདེན་དཔང་ར་སྤྲོད་མ་ལག་བཙུགས་ཏེ“ལག་ཁྱེར་ཐེངས་གཅིག་གཉེར་ཚེ་དྲ་རྒྱ་ཀུན་ཏུ་སྒྲུབ་ཐུབ་པ”མངོན་འགྱུར་ཡོང་བ་བྱེད་དགོས་པ། གཅིག་གྱུར་གྱི་གྲངས་གཞི་མཉམ་སྤྱོད་ཀྱི་མ་ལག་བཙུགས་ཏེ་གྲངས་གཞི་ཕན་ཚུན་ར་འཕྲོད་དང་ཕན་ཚུན་སྤྱོད་ཐུབ་པ་བྱེད་དགོས། གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ“དྲ་སྦྲེལ+”ཡི་ལས་དོན་ཡག་པོ་བསྒྲུབས་ནས་རང་ལྗོངས་ཀྱི་ཐོན་ལས་གོང་འཕེལ་དང་སློབ་གསོ་དང་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་དགོས། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ“དྲ་སྦྲེལ+སྲིད་དོན་ཞབས་ཞུར”སྤྱི་ཚོགས་ཀྱིས་ཤེས་རྟོགས་ཐུབ་ཚད་དང་མང་ཚོགས་ཀྱིས་མོས་པ་བྱེད་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10