2018-09-26
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་ནི་སྟོན་མཉམ་གྱི་ཉིན་མོ་ཡིན་ལ། རང་རྒྱལ་གྱི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཡང་ཐོག་མ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་ནས། རྒྱལ་ཡོངས་ཀྱི་ཞིང་པ་དུང་ཕྱུར་མང་པོར་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་བཙུགས་པ་ནི་ཏང་ཀྲུང་དབྱང་གིས་ཞིབ་འཇུག་བྱས་ཏེ་ཐག་བཅད་པ་ཞིག་ཡིན། དེས་ཞིང་གསུམ་ལས་ཀའི་ཧ་ཅང་གལ་ཆེ་བའི་རྨང་གཞིའི་གོ་གནས་སྔར་ལས་ལེགས་པར་མཚོན་ཡོད་པའི་དོན་སྙིང་ཟབ་མོ་ལྡན་པའི་དོན་ཆེན་ཞིག་ཡིན། སྟོན་མཉམ་གྱི་དུས་སུ་རྒྱལ་ཡོངས་སུ་འབྲུ་རིགས་སྣ་ལྔའི་ལོ་ལེགས་འཕེལ་ཞིང་ཤིང་ཏོག་གི་དྲི་ཞིམ་ཕྱོགས་བཞིར་འཐུལ་བཞིན་ཡོད་ལ། རྒྱ་ཆེའི་ཞིང་པ་རྣམས་ནི་ལོ་ལེགས་འཕེལ་བར་དགའ་སྤྲོས་ཁེངས་ཡོད་པས། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་བསྡུ་བའི་བསྐལ་བ་བཟང་པོར་འཁེལ་ཡོད་པ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་ནི་ཞིང་ལས་ཀྱི་རྒྱལ་ཁབ་ཆེན་པོ་ཡིན་ལ། ཞིང་ལས་གཙིགས་སུ་བཟུང་ནས་རྨང་གཞི་སྲ་བརྟན་དུ་གཏོང་བའི་དམངས་སེམས་བདེ་འགོད་ཀྱི་རྨང་གཞི་དང་རྒྱལ་ཁབ་བཅོས་སྐྱོང་གི་གནད་འགག་ཡིན། རྒྱ་ཆེའི་ཞིང་པ་རྣམས་ཀྱིས་རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་སོགས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་བྱས་རྗེས་གལ་ཆེན་བཞག་ཡོད། ད་ལོ་ནི་ཞིང་སྡེའི་བཅོས་སྒྱུར་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་ལ། ལོ་ངོ་བཞི་བཅུའི་རིང་ལ་རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་དང་། ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། རྒྱ་ཆེའི་ཞིང་པ་དང་སྤྱི་ཚོགས་ལས་རིགས་སོ་སོ་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་བྱ་འགུལ་ཁྲོད་ཞུགས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ཞིང་ལས་ལ་གཙིགས་འཛིན་དང་ཞིང་སྡེ་ལ་སེམས་ཁུར། ཞིང་པར་གཅེས་སྐྱོང་བཅས་བྱེད་པའི་སྣང་ཚུལ་ཟབ་མོ་བསྐྲུན་པ། ཞིང་པ་དུང་ཕྱུར་མང་པོའི་ཞིང་ལས་གཙིགས་འཛིན་གྱིས་གཉེར་བའི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་པ། ཞིང་སྡེ་དར་སྤེལ་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་མྱུར་དུ་སྤེལ་བ་བཅས་བྱས་ཏེ། ཞིང་སྡེ་ཕྱོགས་ཡོངས་ནས་དར་རྒྱས་སུ་གཏོང་བ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བགྲོད་ལམ་གསར་པའི་སྟེང་དུ་རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེ་བཅོས་སྒྱུར་འཕེལ་རྒྱས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་གསར་པ་འབྲི་དགོས།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10