ཝང་ཡང་གིས་བོད་ལྗོངས་སུ་བརྟག་ཞིབ་གནང་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2018-08-29

ཝང་ཡང་གིས་བོད་ལྗོངས་སུ་བརྟག་ཞིབ་གནང་བ།

   ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གིས་བོད་ལྗོངས་སུ་བརྟག་ཞིབ་གནང་ཡོད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཏང་གི་བོད་སྐྱོང་ཐབས་ཇུས་དང་བོད་ལྗོངས་ལས་དོན་གྱི་རྩ་དོན་ལག་བསྟར་ནན་ཏན་བྱེད་པ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དམིགས་ས་དང་ཤུགས་བསྣན་ས་དེར་དམ་པོར་གཞིགས་པ། དམངས་ཀྱི་འཚོ་བ་ལེགས་བཅོས་དང་། མི་སེམས་འགྲིལ་བའི་འགོ་འཛུགས་ས་དང་མཇུག་འགྲིལ་ས་དེ་ཁོང་དུ་ཡག་པོ་ཆུད་པ་བྱས་ཏེ། གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བ། སྐྱེ་ཁམས་བདེ་འཇགས་སྲུང་ར་ཧུར་ཐག་གཏོད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དགོན་པའི་དོ་དམ་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་པ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ། བོད་ལྗོངས་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་དགོས་ཞེས་ནན་བཏོན་གནང་ཡོད།

   སྤྱི་ཚེས་༢༤ཉིན་ནས་༢༦ཉིན་བར། ཝང་ཡང་ཆབ་མདོ་དང་ལྷ་སར་ཕེབས་ཏེ་དབུལ་སྐྱོར་གནས་སྤོས་གྲོང་གསར་དང་། རྩྭ་ཐང་གི་འབྲོག་ཁུལ། ཐོན་ལས་གླིང་ཁུལ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་བཅས་སུ་ཟབ་ཞུགས་གནང་སྟེ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་། དབུལ་སྒྲོལ་འགག་གཏོར། དགོན་པའི་དོ་དམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་ཏང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པར་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད། ཁོང་གིས། བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་འཚོ་ལེགས་བཅོས་དང་། མི་རིགས་མཐུན་སྒྲིལ་སྲ་བརྟན་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་དང་། དབུལ་སྒྲོལ་གྱི་དུས་ཚོད་དང་གོ་རིམ་ལུགས་མཐུན་ངང་གཏན་འཁེལ་བྱེད་པ། མགྱོགས་ཚད་དོན་གཉེར་མི་བྱེད་པར་དབུལ་སྐྱོར་གྱི་ཡུན་རིང་ཕན་འབྲས་ལ་སྣང་ཆེན་སྔར་ལས་ལྷག་པ་བྱེད་པ། དབུལ་སྒྲོལ་བརྟན་པོ་དང་རིམ་བཞིན་ཕྱུག་འགྱུར་ཡོང་བའི་རྨང་གཞི་བརྟན་དུ་གཏོང་དགོས། ད་ལྟ་ལག་བསྟར་བྱེད་པའི་དབུལ་སྐྱོར་ཚད་གཞི་ལག་བསྟར་ནན་པོ་བྱེད་པ་དང་། དོ་ཁུར་བྱེད་ས་ཁ་མི་ཐོར་བ། དམིགས་འབེན་ལ་འགྱུར་བ་མེད་པའི་འགན་ལེན་བྱེད་དགོས། སྔོ་ལྗང་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། སྐྱེ་ཁམས་དབུལ་སྐྱོར་དང་སྐྱེ་ཁམས་སྲུང་སྐྱོང་ཟུང་དུ་སྦྲེལ་བ་དང་། ས་མཐོ་ལ་གྲང་ངར་ཆེ་བའི་རི་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་ངང་ཡག་པོ་སྒྲུབ་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ར་བརྟན་པོ་འཛུགས་དགོས། དབུལ་སྐྱོར་དང་བློ་སྟོབས་རོགས་སྐྱོར། རིག་ནུས་རོགས་སྐྱོར་བཅས་ཟུང་འབྲེལ་བྱེད་པ་དང་། ཕྱི་ཕྱོགས་ཀྱི་རོགས་སྐྱོར་དང་དབུལ་ཕོངས་མང་ཚོགས་ཀྱི་རང་ངོས་འབད་བརྩོན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་བཅས་བྱས་ནས། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་ཀྱི་རང་ངོས་གོང་འཕེལ་ནུས་པ་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་དང་།

   ཝང་ཡང་གིས། ཆོས་ལུགས་ལས་དོན་དེ་བོད་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པས་ངེས་པར་དུ་བདེ་སྡོད་ཉེན་བསམ་དང་། སྔོན་ཚུད་གྲ་སྒྲིག་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་རྒྱུན་འཁྱོངས་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས། ཆོས་ལུགས་ལས་དོན་ཁྲིམས་ལུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ལ་འཚམ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱིས་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཡིན་མིན་ཆེན་པོའི་མདུན་དུ་དར་ཆ་གསལ་སྟོན་བྱེད་པ། རླུང་རླབས་དྲག་པོའི་མདུན་དུ་རིག་པ་དྭངས་གསལ་ཡོང་བ། རྒྱལ་ཁབ་ཁ་བྲལ་གཏོང་བའི་སྟོབས་ཤུགས་ཐ་དག་དང་འཐབ་རྩོད་བྱེད་ཕོད་པ། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་སྔར་ལས་ལྷག་པ་བྱེད་དགོས། ཆོས་ལུགས་ཀྱི་དར་སྲོལ་འཛུགས་སྐྱོང་དང་ནང་ཁུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཆོས་ཁྲིམས་དང་སྡོམ་ཁྲིམས་ནན་པོ་སྲུང་བ། ཆོས་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་པ། ནང་བསྟན་ཆོས་ལུགས་ཀྱི་གཟུགས་བརྙན་བཟང་པོར་མཉམ་དུ་སྲུང་སྐྱོང་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།

   བརྟག་ཞིབ་གནང་རིང་། ཝང་ཡང་གིས་ཆེད་མངག་བློ་མཐུན་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སོགས་བློ་མཐུན་རྒན་གྲས་དང་། དེ་བཞིན་ལྷ་སར་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་ཀྱི་ལས་དོན་མི་སྣ་བཅས་ལ་གཟིགས་གནང་ཡོད་པ་རེད།


  • ལེ་ཚན་སྔོན་མ།:སྐབས་བཅོ་བརྒྱད་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཅ་ཁར་ཐར་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་གནད་དོན་ཡོད་པའི་རིམས་འགོག་སྨན་ཁབ་གྱོད་གཞིའི་འབྲེལ་ཡོད་ལས་དོན་མི་སྣའི་འགན་འཁྲི་བདའ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།