རང་རྒྱལ་གྱི་ནགས་ལས་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐོན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི7ལས་བརྒལ་ནས་མི་ཁྲི5200ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2018-07-24

   ཞིན་ཧྭ་གསར་འགྱུར་ཁང་ཀུའེ་དབྱང་ནས་སྤྱི་ཟླ7པའི་ཚེས8ཉིན་འབྱོར་བའི་གཏམ་གསར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོར་རང་རྒྱལ་གྱི་ནགས་ལས་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི7.1ལ་ཟིན་པ་དང་མི་ཁྲི5200ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ཡོད་པ་རེད།

   ནགས་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་གྲངས་འབོར་ཨ་སྒོར་དུང་ཕྱུར1500ལ་ཟིན་པས་སྔར་བཞིན་འཛམ་གླིང་ཐོག་ནགས་ལས་ཐོན་རྫས་ཐོན་སྐྱེད་དང་། ཉོ་ཚོང་། འཛད་སྤྱོད་བྱེད་མཁན་གྱི་རྒྱལ་ཁབ་ཆེས་ཆེ་བའི་གོ་གནས་སྲུང་འཛིན་བྱས་ཡོད། རང་རྒྱལ་གྱི་རི་ཁུལ་གྱི་མི་འབོར་དབུལ་པོའི་ཡོང་འབབ་ཁེ་གཙང་གི་བརྒྱ་ཆ20ཡས་མས་ནི་ནགས་ལས་ལས་ཡོང་བ་དང་། གཙོ་གནད་ས་ཁུལ་གྱི་བསྡུར་ཚད་དེ་ཡང་བརྒྱ་ཆ50ལས་བརྒལ་བ་རེད། ནགས་ལས་ཐོན་ལས་དེ་ས་ཆ་གང་མང་གི་དཔལ་འབྱོར་འཕེལ་རྒྱས་དང་ཞིང་པའི་ཡོང་འབབ་འཕར་བའི་ཐོན་ལས་གཙོ་བོར་གྱུར་ཡོད་པ་རེད།

   རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕུང་ཡིའུ་ཏུང་གིས་རང་རྒྱལ་ལ་ནགས་ས་མུའུ་དུང་ཕྱུར46དང་། རྩྭ་ཐང་མུའུ་དུང་ཕྱུར60 འདམ་ར་མུའུ་དུང་ཕྱུར8 བཅོས་སྐྱོང་བྱ་ཆོག་པའི་བྱེ་ཐང་མུའུ8བཅས་ལྡན་པས། རང་རྒྱལ་གྱི་ནགས་ལས་ཐོན་ལས་འཕེལ་རྒྱས་ལ་ཐོན་ཁུངས་ཀྱི་མི་མངོན་པའི་ནུས་པ་དང་ཁྲོམ་རའི་མཐུན་རྐྱེན་ཧ་ཅང་ཆེན་པོ་མངོན་ཡོད་པ། ཕྱིས་སུ་རྒྱལ་ཁབ་ཀྱིས་ད་དུང་ནགས་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏང་རྒྱུ་དང་། ཤུགས་ཆེན་པོར་ནགས་ཚལ་གྱི་ཡུལ་སྐོར་དང་། ཁྱད་ཆོས་ལྡན་པའི་དཔལ་འབྱོར་ནགས་ཚལ། ཤིང་རིགས་སྣུམ་རྫས། སྨྱུག་རིགས་དང་མེ་ཏོག ཤིང་སྡོམ་འོག་བྱ་གསོ་བ་སོགས་ཀྱི་ལྗང་མདོག་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་པོར་གཏང་རྒྱུ་དང་། ཤུགས་ཆེན་པོར་ལྗང་མདོག་སྤུས་ལེགས་ཀྱི་ནགས་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ནུས་ཤུགས་ཇེ་མཐོ་རུ་གཏོང་གང་ཐུབ་བྱ་རྒྱུ་ཡིན་པ་ཞེས་བཤད་པ།། 


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༡༨པ་འཚོག་འགོ་ཚུགས།
  • ལེ་ཚན་རྗེས་མ།:རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་མཐོ་སྒང་གི་ས་ཁུལ་ནི་སྔར་རྒྱུན་བཞིན་ས་གོ་ལའི་ཐོག་ས་ཁུལ་གཙང་ཤོས་ཀྱི་གྲས་ཤིག་རེད་ཅེས་འཁོད་ཡོད།
  • དོ་སྣང་ཆེ་བའི་རྩོམ།