རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་མཐོ་སྒང་གི་ས་ཁུལ་ནི་སྔར་རྒྱུན་བཞིན་ས་གོ་ལའི་ཐོག་ས་ཁུལ་གཙང་ཤོས་ཀྱི་གྲས་ཤིག་རེད་ཅེས་འཁོད་ཡོད།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2018-07-24

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ7པའི་ཚེས་18ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས18ཉིན་བཏོན་པའི《མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གནས་ཚུལ》གྱི་རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་མཐོ་སྒང་གི་ས་ཁུལ་ནི་སྔར་རྒྱུན་བཞིན་ས་གོ་ལའི་ཐོག་ས་ཁུལ་གཙང་ཤོས་ཀྱི་གྲས་ཤིག་རེད་ཅེས་བཀོད་ཡོད་པ་རེད།

    རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་མཐོ་སྒང་དུ་འགྲོ་བ་མིའི་བྱེད་སྒོ་སྤེལ་ཉུང་བ་དང་། མཁའ་རླུང་གི་སྤུས་ཚད་ལ་འགྲོ་བ་མིའི་བྱེད་སྒོས་ཤུགས་རྐྱེན་ཐེབས་ཤུགས་ཆུང་བ། སྦགས་བཙོག་བཟོ་བའི་སྐྱེ་དངོས་རིགས་ཅུང་ཉུང་བ། གར་ཚད་ཅུང་དམའ་བས་སྦགས་བཙོག་དངོས་པོ་སྣ་ཚོགས་ཀྱི་འདུས་ཚད་དེ་བྱང་སྣེ་ས་ཁུལ་དང་སྤྱིར་ན་ཁྱད་པར་མེད། ལྗང་མདོག་ནུས་རྒྱུ་ཁྱབ་གདལ་དང་། སྐྱེ་ཁམས་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན། གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས་མཚོ་བོད་མཐོ་སྒང་གི་མཁའ་རླུང་སྤུས་ཚད་སྔར་བས་ལེགས་སུ་སོང་ཡོད་ཅེས་འཁོད་ཡོད་པ་རེད།

    མིག་སྔར། མཚོ་བོད་མཐོ་སྒང་གི་གཙང་པོ་དང་མཚོ་གཙོ་བོ་རྣམས་གཞི་རྩའི་ཆར་རང་བྱུང་གི་རྣམ་པ་ཡིན་ལ་ཆུའི་སྤུས་ཀའང་ཡག་པོ་ཡོད། རྒྱབ་ཤ་དཀར་པོའི་དེབ་ནང་མཚེའུ་བོད་མཐོ་སྒང་ནི་ཨེ་ཤེ་ཡའི་གཙང་པོ་གཙོ་བོ་མང་པོ་ཞིག་གི་འབྱུང་ཁུངས་ཡིན་ལ་ཀྲུང་གོའི་ཆུའི་ཐོན་ཁུངས་དོ་དམ་དང་ཆུའི་ཁོར་ཡུག་སྲུང་སྐྱོང་ནན་ཤོས་ཀྱི་ས་ཁོངས་ཀྱི་གྲས་ཤིག་ཀྱང་ཡིན་ཞེས་བཀོད་ཡོད། རྒྱལ་ཁབ་ཀྱིས་མཚོ་བོད་མཐོ་སྒང་གི་ཆུའི་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། བྱེད་ཐབས་གཙོ་བོའི་ནང་ཆུ་ཁོངས་གལ་ཆེན་གྱི་ཕྱོགས་བསྡུས་འཆར་འགོད་བཟོ་བ་དང་། གཙང་པོ་དང་མཚོ་དང་མཚེའུའི་ཆུའི་ནུས་པའི་ཁུལ་དབྱེ་བ། ཆུ་ཁོངས་ཀྱི་ནུས་པ་དང་ཆུ་སྤུས་སྲུང་སྐྱོང་གི་དམིགས་ཚད་གསལ་བཟོ། གཙང་པོ་དང་མཚོ་དང་མཚེའུའི་ཆུའི་ནུས་པའི་ཁུལ་གྱི་སྦགས་བཙོག་འཇུ་ནུས་དང་བཤངས་འབུད་ཚོད་འཛིན་བསྡོམས་འབོར་ཞིབ་བཤེར་གཏན་འཁེལ། ཆུའི་ཐོན་ཁུངས་ཀྱི་དོ་དམ་ལམ་ལུགས་ནན་ཤོས་ལག་བསྟར་བཅས་ཚུད་ཡོད་པ་རེད།

   རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་མཐོ་སྒང་ནི་གོ་ལ་ཧྲིལ་པོར་སྦགས་བཙོག་ཕོག་ཉུང་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ་དང་། ས་རྒྱུའི་ཁོར་ཡུག་སྤྱིའི་ཆར་རང་བྱུང་ལྷུན་གྱིས་གྲུབ་པའི་རྣམ་པ་ཡིན། ས་རྒྱུའི་རིགས་དང་ལྕི་བའི་ལྕགས་རིགས་ཀྱི་གཞི་རྒྱུ་ལྡན་ཚད་ས་གྲུབ་རྟིང་རྡོའི་རང་བཞིན་དང་གནམ་གཤིས་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པ་ལས་མིའི་རིགས་འགུལ་སྐྱོད་ཀྱི་ཤུགས་རྐྱེན་ཐེབས་པ་ཅུང་ཉུང་། ས་མཐོའི་མཚོའི་དིམ་བསགས་དངོས་པོར་ཟངས་དང་། ནིག ཞ་ཉེ་སོགས་ལྕི་བའི་ལྕགས་རིགས་ཀྱི་གཞི་རྒྱུ་ལྡན་ཚད་ནི་མིའི་རིགས་འགུལ་སྐྱོད་བྱེད་མང་བའི་མཚོའི་དིམ་བསགས་དངོས་པོ་ལས་ཉུང་བ་ཡོད། རྨོ་ཞིང་གི་ས་རྒྱུར་བལྟས་ན། བོད་ཀྱི་རྨོ་ཞིང་མང་ཆེ་བའི་ས་རྒྱུར་ལྕི་བའི་ལྕགས་རིགས་ཀྱི་གཞི་རྒྱུ་ལྡན་ཚད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ས་རྒྱུའི་ཚད་གཞི་ལས་ལེགས་པ་ཡོད་ཅེས་བཀོད་ཡོད།

དེ་དང་ཆབས་ཅིག སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། རྒྱབ་ཤ་དཀར་པོའི་དེབ་ནང2009ལོ་ནས་བཟུང་རྒྱལ་ཁབ་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར62.94བཏང་ནས་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན་ཞིང་ཆེན་དང་དེ་བཞིན་སི་ཁྲོན་དང་། ཡུན་ནན། ཀན་སུའུ་བཅས་ཀྱི་བོད་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་ཆུ་སྙིགས་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་དང་ཆུ་སྙིགས་ཀྱི་མདོང་ལམ་དྲ་བའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་ཏེ་ས་གནས་དེ་གའི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་ཆུ་སྙིགས་དང་གད་སྙིགས་གཙང་སེལ་བྱེད་ནུས་ཆེ་རུ་བཏང་ཡོད་ཅེས་འཁོད་ཡོད།།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་ནགས་ལས་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐོན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི7ལས་བརྒལ་ནས་མི་ཁྲི5200ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་དཔེ་དེབ་དངོས་མང་སྟོན་ཚོགས་སྐབས་ཉེར་བརྒྱད་པས“རྒྱལ་ཡོངས་ཀྱི་ དཔེ་དེབ་རྩེ་གྲ་འགྲེམས་སྟོན”བྱས་ནས་དཔེ་སྐྲུན་གྲུབ་འབྲས་མངོན་པར་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།