བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་རིགས600ལྷག་ཙམ་གཞི་གྲངས་ཅན་ལ་བརྟེན་ནས་རིན་ཐང་གསར་པ་མངོན་པ།

ཡེ་ཤེས་ཀྱིས་བསྒྱུར།        2018-06-27

ཞིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཁང་དེས་སྤྱི་ལོའི་དུས་རབས7པ་ནས་དུས་རབས20པའི་དུས་འགོའི་བར་གྱི་བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་རིགས600ལྷག་ཙམ་གྱི་གཞི་གྲངས་ཅན་གྱི་ལས་དོན་ལེགས་འགྲུབ་བྱུང་ནས་གདོད་མའི་ཚད་ལྡན་ཡིག་ཆ་རྩ་ཆེན་སྔར་བས་ལེགས་པའི་ངང་ཉར་ཚགས་ཐུབ་པ་མ་ཟད། བོད་ཀྱི་གསོ་བ་རིག་པའི་ལས་དོན་མི་སྣར་བོད་ཀྱི་གསོ་བ་རིག་པའི་ཚན་རྩལ་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱང་མཁོ་འདོན་བྱེད་ཆོག་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ལོ་རྒྱུས་སུ་བཀོད་པའི་བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་གྲངས་རིགས5000ལྷག་ཙམ་ཟིན་མོད། ལོ་རྒྱུས་ཡུན་རིང་ཕྱིན་པ་དང་ཉར་ཚགས་ཀྱི་ཆ་རྐྱེན་ཞན་པའི་དབང་གིས་བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་རུལ་བ་དང་། འབུ་བརྒྱབ་པ། གཏོར་སྐྱོན་སོང་བ། བརླགས་པ་སོགས་ཀྱི་སྣང་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད།

ད་ཕན་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་ཁང་གིས་སྔོན་རྗེས་སུ་མིའི་ཐེངས་གྲངས100ལྷག་ཙམ་སྒྲིག་འཛུགས་བྱས་ནས་དབྱིན་ཇི་དང་། ཨ་རི། དབྱི་ཐ་ལི། རྒྱ་གར། ནེ་པ་ལ། མོང་གོལ། ཨུ་རུ་སུ་སོགས་རྒྱལ་ཁབ10ལྷག་ཙམ་དང་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན། ནང་སོག ཞིན་ཅང་། པེ་ཅིན་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སུ་བསྐྱོད་ནས་བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་རིགས1060འཚོལ་བསྡུ་དང་ལེགས་སྒྲིག་བྱས་པ་རེད། ད་སྔ་གཞི་གྲངས་ཅན་གྱི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་རིགས600ལྷག་ཙམ་གྱི་ཁྲོད་དཔེ་རྒྱུན་དཀོན་རིགས་དང་དཔེ་ཆ་རྩ་ཆེན་ཡང་ཚུད་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་ཁང་གི་ཚད་ལྡན་ཡིག་ཆའི་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་མཁའ་འགྲོ་སྐྱིད་ཀྱིས་བོད་ཀྱི་སྨན་རྒྱུ་རིགས200དང་། བོད་སྨན་སྨན་སྦྱོར་རིགས5500 བོད་ཀྱི་གསོ་བ་རིག་པའི་ཚད་གཞི5000 བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ལག་རྩལ་ཁག300 བོད་ཀྱི་གསོ་བ་རིག་པའི་རིག་གཞུང་དུས་དེབ800བཅས་གཞི་གྲངས་ཅན་གྱི་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཆེད་ལས་ཀྱི་གཞིའི་གྲངས་མཛོད་ཆེན་པོ་ཞིག་ཆགས་ཡོད་ཅེས་བཤད་པ་རེད།

གཞན་ཡང་གཞི་གྲངས་མཛོད་བཟོས་རྒྱུའི་ལས་གྲྭ་ནི2016ལོར་སྤེལ་འགོ་ཚུགས་པའི་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ལག་རྩལ་གསར་གཏོད་ཀྱི་ཞབས་ཞུའི་ལས་སྟེགས་གཏོད་པའི་ལས་གཞིའི་ནང་དོན་གྲས་ཤིག་རེད། ལས་གཞི་དེ་ཚན་རྩལ་པུའུ་ཡིས་ཆོག་མཆན་སྤྲད་པ་དང་། པེ་ཅིན་དང་། བོད་ལྗོངས། ཀན་སུའུ། མཚོ་སྔོན་བཅས་ཀྱི་ཚན་པ15ཐུན་མོང་དུ་ཞུགས་ཤིང་། དེའི་དམིགས་ཡུལ་ནི་བོད་ཀྱི་གསོ་བ་རིག་པའི་སྤུས་ལེགས་ཀྱི་ཚན་རྩལ་ཐོན་ཁུངས་ནུས་ལྡན་ངང་བསྡུ་སྒྲིལ་བྱས་ནས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ལ་རྨང་གཞི་དང་། ལག་རྩལ། ཤེས་ལྡན་མི་སྣ་གསོ་སྦྱོང་སོགས་ཀྱི་ཞབས་འདེགས་མཁོ་འདོན་བྱས་ཏེ་རང་རྒྱལ་གྱི་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཀྱི་ལྟེ་བའི་འགྲན་སློང་ནུས་པ་ཆེ་རུ་གཏང་ཆེད་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:ལོ༢༣ནང་བདེ་སྐྱིད་ལས་གྲྭའི་ཨ་མ་དབུལ་པོར་རོགས་སྐྱོར་བྱེད་པའི་ལས་གཞི་ཡིས་མི་ཁྲི༣༣.༢ལ་རོགས་སྐྱོར་བྱས།
  • ལེ་ཚན་རྗེས་མ།:མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར100ལས་བརྒལ་བའི་རྨ་འབྲི་རྫ་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་གི་དུས་རིམ་གཉིས་པའི་ལས་གྲྭར་ཐོག་མའི་གྲུབ་འབྲས་ཐོབ།
  • དོ་སྣང་ཆེ་བའི་རྩོམ།