བདེ་སྐྱིད་ཀྱིས་བསྒྱུར། 2018-06-27
ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་ཆེན་པོ་དང་གྲོས་བསྡུར་ཆེན་པོ། བརྟག་ཞིབ་ཆེན་པོའི་བྱེད་སྒོ་སྤེལ་བའི་སྐབས་སུ། སྤྱི་ཟླ6པའི་ཚེས19ནས་ཚེས22ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་རང་ཁུལ་གྱི་ཏང་སྲིད་རྟོག་ཞིབ་ཚོགས་པ་སྣེ་ཁྲིད་མཛད་ནས་སྔོན་རྗེས་སུ་ཕན་ཀྲི་ཧྭ་གྲོང་ཁྱེར་དང་ལེའང་ཧྲན་ཁུལ་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་དུ་ཕྱིན་ཏེ། ས་གནས་གཉིས་ཀྱི་དབུལ་ཐར་འགག་སྒྲོལ་དང་ཁྱད་འཕགས་ཐོན་ལས་འཕེལ་རྒྱས། གྲོང་སྡེ་གསར་པ་འཛུགས་སྐྲུན། གྲོང་ཁྱེར་གྱི་སྒྲིག་བཀོད་འཛུགས་སྐྲུན། ཚོང་འགུགས་དངུལ་འདྲེན་སོགས་ཀྱི་ཕྱོགས་ནས་སྔོན་ཐོན་ཉམས་མྱོང་དང་ལས་དོན་སྒྲུབ་སྟངས་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་རེད།
ལིའུ་ཁྲེང་མིང་གིས་བསྟན་དོན། དཀར་མཛེས་ཁུལ་ནི་ཧ་ཅང་དབུལ་པོའི་ས་ཁུལ་ཞིག་ཡིན་པས་དབུལ་ཐར་འགག་སྒྲོལ་ལས་ཀ་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཆེན་པོ་ཞིག་ཡིན་པ་རེད། གཅིག་ནི་ཁྱད་ཆོས་ལ་གཙིགས་འཛིན་བྱས་ནས་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས་པ་དང་། གཉིས་ནི་གནས་བབ་དང་བསྟུན་ནས་ཡང་དག་པའི་ཐབས་ལམ་བཙལ་དགོས། གསུམ་ནི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་ཡུལ་རིང་ལ་ཕན་པའི་བྱས་རྗེས་འཇོག་དགོས། བཞི་ནི་མང་ཚོགས་སྐུལ་སློང་བྱས་ཏེ་ཡུན་རིང་ལ་ཕན་པའི་འཇོན་ནུས་བསླབ་དགོས། ལྔ་ནི་ཁྲོམ་ར་དང་ཁེ་ལས་སྦྲེལ་མཐུན་བྱེད་པར་སྣེ་ཁྲིད་བྱ་དགོས། དྲུག་ནི་སྲིད་གཞུང་གིས་སྣེ་ཁྲིད་དང་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱ་དགོས་པ་རེད།
ལིའུ་ཁྲེང་མིང་གིས་ཚང་མས་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བརྒྱུད། གཅིག་ནི་དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་ཁག་ཡག་པོ་སྤྱོད་པ་དང་། ཁ་གཏད་རོགས་སྐྱོར་སོགས་ཀྱི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་དམ་འཛིན་བྱེད་པ་དང་ཆབས་ཅིག་མ་དངུལ་གཅིག་བསྡུས་བྱས་ནས་ཁྱད་འཕགས་ཐོན་ལས་འཕེལ་རྒྱས་གཏང་དགོས། གཉིས་ནི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏང་རྒྱུ་དང་ཟུང་འབྲེལ་བྱས་ནས་གྲོང་སྡེ་དར་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏང་དགོས། གསུམ་ནི་ཉག་ཆུ་དང་འབྲི་ཆུའི་འབབ་རྒྱུད་ཀྱི་ཐོན་ལས་གོང་སྤེལ་གྱི་འཆར་འགོད་ཡག་པོ་བཟོས་ནས་གྲུབ་འབྲས་ཐོབ་པའི་ས་ཁུལ་གྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་རྨང་གཞིའི་ཐོག རང་ངོས་ཀྱི་དོན་དངོས་དང་མངོན་གསལ་དོད་པའི་ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཁྱད་འཕགས་ཐོན་ལས་འཕེལ་རྒྱས་གཏང་དགོས། བཞི་ནི་སྣེ་འདྲེན་ཁེ་ལས་འདྲེན་འགུག་གནད་སྨིན་བྱེད་པ་དང་ནང་འདྲེན་ཁ་གཏད་རོགས་སྐྱོར་ཀྱི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ནས། དངོས་ཡོད་སྟོབས་ཤུགས་ཡོད་པའི་སྣེ་འདྲེན་ཁེ་ལས་ཀྱིས་ས་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་སུ་སྣེ་ཁྲིད་བྱས་ཏེ་ཚོང་ར་དང་ཁེ་ལས། མང་ཚོགས་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་སྐྲུན་དགོས་པ་རེད། ལྔ་ནི་ཞིང་ལས་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་བྱས་ཏེ་དེང་རབས་ཞིང་ལས་ཀྱི་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག ཞབས་ཞུའི་མ་ལག་སོགས་འཛུགས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་རོགས་བྱེད་ཤུགས་ཆེ་རུ་གཏང་དགོས་ཞེས་བླང་བྱ་བཏོན་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10