བོད་ཀྱི་ལོང་ཡིག་དང་འཕུར་མཉེད་སློབ་སྦྱོང་འཛིན་གྲྭ་དངོས་སུ་ཚུགས་པ།

        2015-03-30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། སི་ཁྲོན་ཞིང་ཆེན་གྱི་ཁྱུང་མཆུ་རྫོང་ཟངས་དཀར་ཡུལ་ཚོའི་བོད་ཀྱི་ལོང་ཡིག་བཟོ་མཁན་ཏེ། ལོ་དྲུག་ཅུར་སོན་པའི་བོད་རིགས་ལོང་བ་མགོན་པོ་ལགས་ཀྱིས་རྔ་བ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་སྤྱི་ཚོགས་ཐོག་གི་འབྲེལ་ཡོད་མི་སྣའི་རྒྱབ་སྐྱོར་འོག འབར་ཁམས་ནས་བོད་ཀྱི་ལོང་ཡིག་དང་འཕུར་མཉེད་ནད་བཅོས་འཛིན་གྲྭའི་སློབ་ཁྲིད་ཀྱི་མགོ་དངོས་སུ་བཙུགས་པ་རེད།

མི་ཚེའི་བར་སྐབས་ཤིག་ནས་མིག་གཉིས་ལོང་བའི་ཁོ་ལ་མཚོན་ན། འདི་ནི་ཁོས་མི་ལོ་ཉི་ཤུ་ལྷག་གི་རིང་ལ་དཀའ་ལས་མྱངས་པའི་འབྲས་བུ་ཡིན་ཞིང་། རང་དང་ལས་དབང་གཅིག་པའི་བོད་ཀྱི་གཞོན་སྐྱེས་ལོང་བ་རྣམས་ལ་ཕན་འདོགས་པའི་ཀུན་སློང་རྣམ་དག་ཅིག་བཅངས་ནས་བོད་ཀྱི་ལོང་ཡིག་གསར་བཟོ་མཛད་པ་དང་། ཧ་ཅང་ཞིབ་ཚགས་སུ་བཟོས་པའི་བོད་ཀྱི་ལོང་ཡིག་སློབ་ཁྲིད་བྱེད་པ་དང་། རང་གི་ལོ་ངོ་དུ་མའི་འཕུར་མཉེད་སྨན་བཅོས་ཀྱི་ཉམས་མྱོང་དང་ཤེས་བྱ་དག་བོད་ཀྱི་ལོང་བ་གཞན་དག་ལ་སྩོལ་ཆེད་སློབ་ཁྲིད་འཛིན་གྲྭ་གཉེར་མགོ་བརྩམས་པ་རེད།

འཛིན་གྲྭ་དེར་ཞུགས་པའི་སློབ་མ་རྣམས་ཀྱིས་སློབ་ཡོན་དང་སྡོད་ཁང་གི་རིན། ཟ་རིན་སོགས་གང་ཡང་སྟེར་མི་དགོས་ཤིང་འགྲོ་སོང་ཚང་མ་ཁོས་གཏོང་རྒྱུ་ཡིན་ལ། མིག་སྔར་ཁོའི་བོད་ཀྱི་ལོང་ཡིག་དང་འཕུར་མཉེད་ཟབ་སྦྱོང་འཛིན་གྲྭར་བོད་རིགས་གཞོན་སྐྱེས་ལོང་བ་བཞི་ཞུགས་ཡོད།

མགོན་པོའི་བོད་ཀྱི་ལོང་ཡིག་དང་འཕུར་མཉེད་འཛིན་གྲྭའི་འཁྲིད་བྱའི་ནང་དོན་ལ་བོད་ཀྱི་ལོང་ཡིག་དང་འཕུར་མཉེད་སྨན་བཅོས་བྱེད་ཐབས་ཡོད་པ་མ་ཟད། གཞན་རྩིས་འཁོར་དང་རྒྱ་ཡིག་རྒྱ་སྐད་སོགས་ཀྱང་ཡོད། འཛིན་གྲྭ་རེའི་ཟབ་སྦྱོང་དུས་ཡུན་སློབ་སྐབས་གཉིས་ཡིན་ལ། སློབ་སྐབས་རེ་ལ་དུས་ཡུན་ཟླ་བ་བརྒྱད་ཡོད། འཁྲིད་བྱའི་ནང་དོན་ལ་བོད་ཀྱི་ལོང་ཡིག་གི་སློབ་ཁྲིད་དང་། འཕུར་མཉེད་སྨན་བཅོས་བྱེད་སྟངས། ལོང་བའི་རྩིས་འཁོར་ལག་ལེན་བྱེད་སྟངས་བཅས་ཡོད་ཅིང་། ཞོར་དུ་རྒྱ་ཡིག་དང་རྒྱ་སྐད་མི་ཤེས་པའི་ལོང་བ་ཚོར་དམིགས་ནས་ཆེད་དུ་རྒྱ་ཡིག་དང་རྒྱ་སྐད་ཀྱི་སློབ་ཁྲིད་ཀྱང་བཀོད་སྒྲིག་བྱས་ཡོད་པ་རེད།  ། 

  • ལེ་ཚན་སྔོན་མ།:ཆབ་མདོ་གྲོང་ཁྱེར་གྱི་མཁར་གྲོང138ལ་ད་ལོའི་ལོ་མཇུག་བར་དུ་གཞུང་ལམ་གཏོང་རྒྱུ་རེད།
  • ལེ་ཚན་རྗེས་མ།:རྨ་ལྷོ་ཁུལ་གྱིས་ལས་བྱེད་པར་བོད་ཡིག་བོད་སྐད་སློབ་སྦྱོང་བྱེད་པའི་རྒྱུན་བཀོལ་ཀློག་དེབ་བྱིན།
  • དོ་སྣང་ཆེ་བའི་རྩོམ།