གློག་བརྙན《སྦྲ་གུར་ནག་པོའི་གཏམ་རྒྱུད》ལ་སྐབས་ བཅོ་ལྔ་པའི་འཛམ་གླིང་མི་རིགས་གློག་བརྙན་ དུས་ཆེན་གྱི་མིང་འདོན་བྱ་དགའ་ཐོབ།

        2018-05-14

      ཉེ་ཆར། ལུའོ་ཧྲན་ཅིན་ནན་ཧའེ་ཕྱེད་གླིང་དུ་སྤེལ་བའི2018ལོའི་སྐབས་བཅོ་ལྔ་པའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་མཇུག་འགྲིལ་བ་དང་། མཚོ་ནུབ་ཁུལ་རིག་རྩལ་རྒྱང་བསྒྲགས་ཅུས་དང་མཚོ་ནུབ་རླུང་འཕྲིན་བརྙན་འཕྲིན་ཁང་གིས་མཉམ་འབྲེལ་བྱས་ནས་ཕབ་བསྐྲུན་བྱས་པའི་བོད་ཀྱི་དམངས་སྲོལ་བརྗོད་གཞིར་བཟུང་བའི《སྦྲ་གུར་ནག་པོའི་གཏམ་རྒྱུད》ཅེས་པར་སྐབས་འདིའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་གྱི་གཏམ་རྒྱུད་གློག་བརྙན་ཁྲོད་དུ་མིང་འདོན་བྱ་དགའ་ཐོབ་ཡོད་པ་རེད། 

      ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་དུ་ཁྱོན་བསྡོམས་རྒྱལ་ཁབ43གྱི་གློག་བརྙན100ལྷག་འགྲན་ཞུགས་མིང་ཐོར་བཀོད་ཡོད་པ་དང་། ཆེས་མཐའ་མར་རྒྱལ་ཁབ32ཀྱི་གློག་བརྙན94བདམས་ཡོད་པ་རེད། 

      གློག་བརྙན་འདིའི་སྒྲིག་བཟོ་པ་གཙོ་བོས་ངོ་སྤྲོད་བྱས་པར་གཞིགས་ན། 《སྦྲ་གུར་ནག་པོའི་གཏམ་རྒྱུད》ནི་ལོ་རྒྱུས་དངོས་དང་། ལྷ་སྒྲུང་སོགས་ཀྱི་བརྗོད་གཞི་བརྒྱུད་ནས། བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་དམངས་ཁྲོད་དམངས་སྲོལ་རིག་གནས་ངོ་སྤྲོད་ཁྱོན་ཡོངས་ནས་བྱས་ཡོད་ཅིང་། གློག་བརྙན་འདི་ནི་འབྲོག་པ་མི་དམངས་ཀྱི་འཚོ་བའི་གོམས་སྲོལ་གཙོ་བོར་བཟུང་ནས། དམངས་ཁྲོད་ཀྱི་གཟུགས་མེད་རིག་གནས་བསྔོག་འདོན་བྱས་ཡོད་པ་དང་། བོད་ཀྱི་འབྲོག་པས་བེད་སྤྱད་པའི་སྲོལ་རྒྱུན་གྱི་སྦྲ་གུར་ནག་པོ་ནི་ནོར་གྱི་རྩིད་པས་བཏགས་པ་ཡིན་ཞིང་། སྦྲ་གུར་བཙེམས་པའི་གོ་རིམ་རེ་རེ་ལའང་གཏམ་རྒྱུད་རེ་ཡོད་པ་རེད། 

      གློག་བརྙན་འདི་ནི་འཛམ་གླིང་ཐོག་མཚོ་འཕགས་ཆེས་མཐོ་བའི་མཚོ་དང་། ཀྲུང་གོའི་ཚྭ་མཚོ་ཆེས་ཆེ་བའི་ཡོངས་ཁུངས་པུའུ་ཧ་ཆུ་བོའི་འགྲམ་དུ་བརྙན་ཕབ་ཅིང་། ཨ་མདོ་ཁུལ་གྱི་རྩྭ་ཐང་གི་དམངས་སྲོལ་མངོན་པར་བྱས་ཡོད་ལ། ཐོག་མར་གློག་བརྙན་སྒྲིག་བཟོ་བརྒྱུད་དེ། ཡུལ་སྐོར་རིག་གནས་རྟགས་ཅན་བཟོས་ཏེ་བོད་མི་རིགས་ཀྱི་དམངས་ཁྲོད་རིག་གནས་བརྒྱུད་འཛིན་དང་བརྒྱུད་སྤེལ་བྱས་པས། ཨ་མདོ་བའི་དམངས་སྲོལ་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་ཡར་སྐུལ་གྱི་ནུས་པ་ཐོན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:བོད་ལྗོངས་ལྷ་སའི་མངའ་རིས་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་ཞིབ་འཇུག་གྲོས་ཚོགས་སྐབས་དང་པོ་འཚོག་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་ཧྲེན་ཀྲན་རིག་གནས་ཐོན་ལས་དངོས་མང་བཤམས་ཚོགས་སྐབས་བཅུ་བཞི་པར་ཞུགས།
  • དོ་སྣང་ཆེ་བའི་རྩོམ།