སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་མཇུག་བསྒྲིལ།

        2015-03-17

སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་མཇུག་བསྒྲིལ།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ3པའི་ཚེས15ཉིན་འབྱོར་བའི་གློག་འཕྲིན།སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་གྲོས་རིམ་ཁག་གྲུབ་ནས་གོང་ཚེས་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཇུག་བསྒྲིལ་བ་རེད།ཚོགས་ཆེན་གྱིས་སྲིད་གཞུང་ལས་ཀའི་སྙན་ཞུ་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ་སོགས་ལ་ཆོག་མཆན་གནང་ཞིང་།ཁྲིམས་འཛུགས་ཀྱི་བཅའ་ཁྲིམས་དག་བཅོས་བྱ་རྒྱུའི་སྐོར་གྱི་ཆོད་དོན་བརྡས་ཐག་བཅད་དེ་གྲོས་འཆམས་བྱུང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་བཀའ་རྒྱ་ཨང20པར་མིང་རྟགས་བཀོད་ནས་ཁྱབ་བསྒྲགས་བྱས།
  མཇུག་བསྒྲིལ་ཚོགས་འདུ་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།ལག་བསྟར་ཀྲུའུ་ཞི།རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གཙོ་འགན་བཞེས་པ་རེད།
  ཞི་ཅིན་ཕིང་དང་ལི་ཁེ་ཆང་།ཡུན་ཀྲེན་ཧྲེང་།ལིའུ་ཡུན་ཧྲན།ཝང་ཆི་ཧྲན།ཀྲང་ཀའོ་ལི་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་གྲུབ་མི་ཀྲུའུ་ཞིའི་སྟེགས་བུའི་ཐོག་བཞུགས་ཡོད།
  ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།ལག་བསྟར་ཀྲུའུ་ཞི་ལི་ཅན་གོ་དང་ཝང་ཧྲེང་ཅུན།ཁྲེང་ཁྲང་ཀྲིཡན་ཅུན་ཆི།ཝང་ཁྲེན།ཧྲེང་ཡུའེ་ཡུའེ།ཅི་པིང་ཞོན།ཀྲང་ཕིང་།བྱམས་པ་ཕུན་ཚོགས།ཨའེ་ལི་ཀེན·དབྱི་མིང་པ་ཧའེ།ཝང་ཨོ་ཞང་།ཀྲང་པའོ་ཝུན།ཁྲེང་ཀྲུའུ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་གྲལ་དུ་བཞུགས་ཡོད།
  གྲོས་ཚོགས་ཐོག་སྲིད་གཞུང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།གྲོས་ཚོགས་ཐོག་བསྟན་དོན།གྲོས་ཚོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་པའི་ལོ་གཅིག་ནང་གི་ལས་ཀར་ཁས་ལེན་གང་ལེགས་གནང་ཞིང་།སྙན་ཞུའི་ནང་འདོན་པའི2015ལོའི་ལས་ཀའི་སྤྱིའི་བཀོད་སྒྲིག་དང་དམིགས་འབེན་ལས་འགན།སྲིད་ཇུས་བྱེད་ཐབས་ལ་མོས་མཐུན་བྱས་ནས་ཆོག་མཆན་གནང་རྒྱུའི་ཐག་བཅད་པ་རེད།
  གྲོས་ཚོགས་ཐོག2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།གྲོས་ཚོགས་ཐོག2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་གནང་རྒྱུའི་ཐག་བཅད།2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱལ་འཆར་གཞིར་ཆོག་མཆན་གནང་བ་རེད།2014ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་དང2015ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ཀྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ།2014ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2015ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ཀྱི་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཆོག་མཆན་གནང་རྒྱུའི་ཐག་བཅད།2015ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་གནང་བ་རེད།   
  གྲོས་ཚོགས་ཐོག་བརྡས་ཐག་བཅད་དེ་ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་བྱ་རྒྱུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་དེ་ཁྱབ་བསྒྲགས་བྱས་པ་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བཅའ་ཁྲིམས།》ནི་གྲོས་ཆོད་དེར་བརྟེན་ནས་བཟོ་བཅོས་འོས་འཚམས་བྱས་རྗེས་སླར་ཡང་ཁྱབ་བསྒྲགས་བྱ་རྒྱུ་རེད།
  གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་སེང་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། གྲོས་ཆོད་ནང་བསྟན་དོན། གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་འདས་པའི་ལོ་གཅིག་རིང་གི་ལས་ཀར་ཁས་ལེན་གང་ལེགས་གནང་བ་དང་། སྙན་སེང་ནང་བཏོན་པའི་ཕྱིན་ཆད་ལོ་གཅིག་གི་ལས་འགན་གཙོ་བོ་དང་ལས་ཀ་བཀོད་སྒྲིག་བྱེད་པར་ཡིད་མཐུན་བྱུང་ནས་སྙན་སེང་དེར་ཆོག་མཆན་གནང་རྒྱུའི་གྲོས་ཐག་བཅད།
  གྲོས་ཚོགས་ཐོག་བརྡས་ཐག་བཅད་དེ་ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་སེང་སྐོར་གྱི་གྲོས་ཆོད་དང་། ཆེས་མཐོ་བའི་མི་དམངས་ཞིབ་དཔྱད་ཁང་གི་ལས་ཀའི་སྙན་སེང་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་སྙན་སེང་དེ་གཉིས་ལ་ཆོག་མཆན་གནང་རྒྱུའི་གྲོས་ཐག་བཅད།
  ཚོགས་ཆེན་ཐོག་གྲོས་རིམ་ཁག་ལེགས་འགྲུབ་བྱུང་རྗེས་ཀྲང་ཏེ་ཅང་གིས་གསུངས་བཤད་གནང་། ཁོང་གིས་གསུངས་དོན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་དམངས་གཙོ་དར་སྤེལ་གང་ལེགས་བྱས་ནས་བཅའ་ཁྲིམས་ལྟར་བྱ་བ་ནན་པོར་བསྒྲུབས་ཡོད། གྲོས་ཚོགས་ཀྱི་འཚོག་སྲོལ་བཟང་པོར་སྲུང་འཛིན་བྱས་པ་དང་། སྔར་ལྷག་གིས་བསམ་བློ་གཅིག་གྱུར། ལས་འགན་གསལ་པོ། ཡིད་ཆེས་སྲ་བརྟན་བྱས་ནས་གྲོས་ཚོགས་ལེགས་འགྲུབ་ངང་འཚོགས་ཡོད་པ་རེད།
  ཀྲང་ཏེ་ཅང་གིས་གསུངས་དོན། ཐེངས་འདིའི་གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པའི་སྙིང་དོན་ལ་ཁྱོན་ཡོངས་ནས་ལག་ལེན་མཐའ་ཕྱིན་བྱས་ཡོད་ཅིང་། ཏེང་ཞའོ་ཕིང་གི་རིག་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏང་རྒྱུའི་འདུ་ཤེས་བཅས་ཀྱིས་ཁྲིད་སྟོན་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཆེའི་གསུངས་བཤད་རབ་དང་རིམ་པའི་སྙིང་དོན་ལག་ལེན་མཐའ་ཕྱིན་ཟབ་མོ་བྱས་ཏེ་བཅའ་ཁྲིམས་ལྟར་འགན་དབང་བེད་སྤྱོད་དང་། སྲིད་གཞུང་ལས་ཀའི་སྙན་སེང་དང་སྙན་སེང་གཞན་དག་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། 2015ལོའི་རྒྱལ་ཁབ་ཀྱི་ལས་ཀ་ཁག་བཀོད་སྒྲིག་བྱས་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཇུས་འགོད་དང་འཆར་འགོད་ཐོག་གཅིག་གྱུར་ཡོང་བ་བྱ་དགོས། བློ་གྲོས་དང་སྟོབས་ཤུགས་དེ་ཐེངས་འདི་གྲོས་ཚོགས་ཀྱི་སྙིང་དོན་ལག་ལེན་དོན་འཁྱོལ་བྱ་རྒྱུའི་ཐོག་གོང་བུ་གཅིག་ཏུ་འགྲིལ་དགོས། བརྟན་ཐོག་ཡར་ཐོན་ཡོང་བའི་ལས་ཀ་ལས་སྟངས་གཙོ་བོ་རྒྱུན་འཁྱོངས་བྱ་དགོས། རང་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྒྱུན་ཚུལ་གསར་པ་དང་འཚམ་དགོས། དཔལ་འབྱོར་བརྟན་བརླིང་དང་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྲུང་འཛིན་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་མདུན་དུ་སྐྱོད་པར་སྐུལ་འདེད་གཏང་དགོས།
  ཀྲང་ཏེ་ཅང་གིས་གསུངས་དོན། ཐེངས་འདིའི་གྲོས་ཚོགས་ཐོག་གྲུབ་འབྲས་གལ་ཆེན་པོ་ཞིག་ཐོབ་ཡོད་པ་འདི་ནི་ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་བྱ་རྒྱུའི་གྲོས་ཆོད་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། གནས་བབ་གསར་པའི་འོག་ཁྲིམས་འཛུགས་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུ། རྩ་ཁྲིམས་ཀྱིས་སྲོག་ཤིང་བྱས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་ཞིང་། ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ལ་གལ་ཆེའི་དོན་སྙིན་ལྡན་པ་རེད། ང་ཚོས་བཟོ་བཅོས་བྱས་ཟིན་པའི་ཁྲིམས་འཛུགས་བཅའ་ཁྲིམས་ལ་སློབ་སྦྱོང་ཟབ་མོ་དང་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱ་དགོས་ཤིང་། འབྲེལ་ཡོད་ཀྱི་བྱེད་ཐབས་ཆ་ཚང་མགྱོགས་མྱུར་དུ་འཐུས་ཚང་བྱ་དགོས། ཁྲིམས་འཛུགས་ལས་ཀའི་དཔུང་སྡེའི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བཅའ་ཁྲིམས་ཡང་དག་པ་དང་ཕན་ནུས་ལྡན་པའི་སྒོས་ལག་ལེན་བསྟར་བར་ཁག་ཐེག་བྱས་ནས་རྒྱུན་ཆད་མེད་པར་ཁྲིམས་འཛུགས་ལས་ཀའི་ཆུ་ཚད་མཐོ་རུ་གཏང་དགོས།
  ཀྲང་ཏེ་ཅང་གིས་ནན་གསུངས་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གི་སྤྱི་ཁྱབ་ཧྲུའ་ཅི་མཛད་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏང་རྒྱུའི་གནས་ཚུལ་ཧྲིལ་པོ་ནས་འགོ་བཙུགས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་ཏུ་སྤེལ་བ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཅིང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུའི་འཐབ་ཇུས་བཀོད་སྒྲིག་བྱེད་ཚུལ་བཏོན་པས་མ་ཚད་དེ་ཆགས་ཐུབ་པ་བྱུང་ཡོད། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་མཛད་པའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་དང་བྱ་གཞག་འཕེལ་རྒྱལ་གཏོང་བའི་རྣམ་པ་གསར་པ་གསར་སྐྲུན་བྱེད་པའི་ཐབས་ཇུས་ཀྱི་བསམ་བློ་དང་ཐབས་ཇུས་བཀོད་སྒྲིག་བྱེད་ཚུལ་མཚོན་ཡོད་པས། གཅིག་འདོམས་དང་ཁྲིད་སྟོན་བྱེད་ཡས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད། ང་ཚོས་ཁྱོན་ཡོངས་བཞིའི་ཐབས་ཇུས་བཀོད་སྒྲིག་བྱེད་ཚུལ་ལ་དམ་པོར་དམིགས་ཏེ་ས་ཁོངས་སོ་སོའི་ལས་ཀར་ཇུས་འགོད་དང་སྐུལ་འདེད་གཏང་དགོས། ལག་ལེན་དོན་འཁྱོལ་བྱེད་པར་གོང་བུ་གཅིག་ཏུ་འགྲིལ་ནས་ནུས་ཤུགས་བཏོན་ནས་རྒྱལ་ཁབ་ཕྱུག་འགྱུར་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་ཡོང་བའི་རྣམ་པ་གསར་པ་བསྐྲུན་དགོས་པ་རེད།
  ཀྲང་ཏེ་ཅང་གིས་བསྟན་དོན། བཅོས་བསྒྱུར་དང་ཁྲིམས་སྐྱོང་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་དགོས་ན་དམངས་ཆེན་ལས་ཀར་རེ་བ་གསར་པ་དང་ལས་འགན་གསར་པ་བཏོན་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་རྒྱུན་འཁྱོངས་བྱས་ནས་ཁྲིམས་སྐྱོང་འོག་བཅོས་བསྒྱུར་དང་བཅོས་བསྒྱུར་ཁྲོད་དུ་ཁྲིམས་སྐྱོང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱས་ཏེ། བཅོས་བསྒྱུར་གྱི་ཐབས་ཇུས་དང་ཁྲིམས་འཛུགས་ཀྱི་ཐབས་ཇུས་གཅིག་འགྱུར་དང་མཐུད་སྦྲེལ་གྱི་རྣམ་པ་མངོན་འགྱུར་བྱས་པར་བརྟེན། གལ་ཆེ་བའི་བཅོས་བསྒྱུར་ཁྲིམས་ལ་བརྟེན་ཞིང་གཞི་འཛིན་ས་ཡོད་པ་དང་ཁྲིམས་འཛུགས་བྱ་བར་རང་འགུལ་གྱིས་བཅོས་བསྒྱུར་དང་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཕྲོད་པར་བྱ་དགོས། བཅོས་བསྒྱུར་དང་ཁྲིམས་སྐྱོང་གཉིས་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་སྤེལ་ཟླ་བྱེད་རེས་བྱ་དགོས།
  ཀྲང་ཏེ་ཅང་གིས་བསྟན་དོན། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏང་དགོས་ན་ངེས་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་དམངས་གཙོའི་བགྲོད་ལམ་གཙོ་བོ་དེ་འཛུགས་སྐྱོང་ལེགས་པོ་དང་བེད་སྤྱོད་ཡག་པོ། འདོན་སྤེལ་ལེགས་པོ་བཅས་བྱ་དགོས། ཧུར་ཐག་གིས་དམངས་ཀྱི་རེ་འབོད་ཅི་ཡོད་ན་ང་ཡིས་དེར་ལན་ཡག་པོ་གདབ་དགོས། ཏན་ཏིག་གིས་མི་དམངས་ཀྱི་ཚབ་བྱས་ཏེ་རྒྱལ་ཁབ་ཀྱི་དབང་ཆ་དོ་དམ་ལག་ལེན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས། མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་ཀྱི་རེ་འབོད་ལ་ཉན་འཇོག་དང་མི་དམངས་ཀྱི་རེ་སྒུག་ལ་ལན་ཡག་པོ་འདེབས་དགོས། མི་དམངས་ཀྱི་ལས་འགན་སྒྲུབ་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། རང་རྟོགས་ཀྱི་སྒོ་ནས་མི་དམངས་ཀྱིས་ལྟ་སྐུལ་ལ་དང་ལེན་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྟོབས་ལྡན་གྱི་དྲང་བདེན་ནུས་པ་འདི་ཡོངས་ཁྱབ་ཏུ་གོང་བུར་གཅིག་ཏུ་ཆགས་པ་བྱ་དགོས།
  ཀྲང་ཏེ་ཅང་གིས་རྟིང་མར་གསུངས་དོན། རླབས་ཆེ་བའི་དམིགས་འབེན་མངོན་འགྱུར་བྱ་དགོས་ན་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་རྒྱུན་འཁྱོངས་ལྷོད་མེད་ཀྱི་འབད་བརྩོན་ལ་བརྟེན་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྐུལ་སློང་བྱས་ཏེ་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཧུར་ཐག་ཞུགས་པ་དང་སེམས་མཐུན་སྤྱོད་མཐུན་དང་གསར་གཏོད་བརྩོན་ལེན། ལས་ཀ་ནན་སྒྲུབ་བཅས་བྱས་ནས་ལོ་བརྒྱ་གཉིས་མངོན་འགྱུར་བྱ་རྒྱུའི་འབད་བརྩོན་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱ་དགོས།
  སྔ་དྲོའི་ཆུ་ཚོད9དང་སྐར་མ40ཐོག ཀྲང་ཏེ་ཅང་གིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་མཇུག་བསྒྲིལ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་གྲོས་ཚོགས་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་དུ་མཇུག་བསྒྲིལ་བ་རེད།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་མཇུག་བསྒྲིལ།
  • ལེ་ཚན་རྗེས་མ།:བོད་རྒྱའི་སྡོམ་རྩིས་འཕྲུལ་ཆས་ཡིག་སྒྱུར་ནུས་རྩལ་ཞིབ་འཇུག་ཐད་གྲུབ་འབྲས་བླངས།
  • དོ་སྣང་ཆེ་བའི་རྩོམ།