ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སང་ལོའི་ཟླ་དང་པོར་བསྡུ་རྒྱུའི་ཐག་བཅད།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2017-12-29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་གྲོས་ཚོགས་བསྡུས་ཏེ། སང་ལོའི་ཟླ་དང་པོར་པེ་ཅིན་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུ་རྒྱུའི་ཐག་བཅད། ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་རིམ་གཙོ་བོ་ནི་རྩ་ཁྲིམས་ཀྱི་ནང་དོན་ཁ་ཤས་བཟོ་བཅོས་བྱེད་པར་གྲོས་བསྡུར་ཞིབ་འཇུག་བྱེད་རྒྱུ་དེ་རེད། གྲོས་ཚོགས་སྟེང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཡར་ཞུ་ལ་ཉན་པ་དང་། 2018ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱས་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་པས། ང་ཚོའི་ཏང་ལ་ངེས་པར་དུ་རྣམ་པ་གསར་བ་དང་བྱེད་ཐབས་གསར་བ་ལྡན་དགོས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་ཡུན་རིང་དུ་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མུ་མཐུད་དུ་དམ་འཛིན་ལྷོད་མེད་བྱེད་དགོས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་ཆབ་སྲིད་འགན་འཁྲི་དངོས་སུ་ཕྲག་ཏུ་འཁུར་ཏེ། ལྟ་སྐུལ་ནན་མོ་དང་ཁྲིམས་འཛིན་ནན་མོ། འགན་དཀྲི་ནན་མོ་བཅས་བྱེད་དགོས་པར་མ་ཟད། ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་པར་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ཏང་ཀྲུང་དབྱང་གི་འཐབ་ཇུས་དང་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བ་གཙོ་བོ་དམ་པོར་འཛིན་པ་དང་། དུས་རབས་གསར་བའི་ཏང་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ལ་དམ་པོར་དམིགས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་ཁྱོན་ཡོངས་ལ་བཀོད་འདོམས་བྱེད་དགོས་ལ། བསམ་བློའི་སྟེང་ནས་ཏང་འཛུགས་སྐྲུན་བྱེད་པ་དང་། སྒྲིག་ཁྲིམས་ལ་བརྟེན་ནས་ཏང་སྟོབས་ལྡན་དུ་གཏོང་བ། ལམ་ལུགས་སྤྱད་དེ་ཏང་བཅོས་སྐྱོང་བྱེད་པ་བཅས་མཉམ་དུ་བཟུང་ནས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བརྒྱུད་རིམ་རང་བཞིན་དང་གསར་གཏོད་རང་བཞིན། ཕན་འབྲས་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་ཀྱིས་བློ་བརྟན་འགྱུར་མེད་སྒོས་འགན་འཁྲི་ལག་བསྟར་བྱེད་པ་དང། རང་ལ་ལྟ་སྐུལ་དང་རང་ལ་ཚོད་འཛིན་བྱེད་པར་ཤུགས་བསྣན་ཏེ། བློ་དཀར་ཞིང་སྤྱོད་པ་གཙང་ལ། ཁག་ཁུར་བྱེད་ཐུབ་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་ཟེར།

དེའི་སྔོན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བ་གཙོ་བོའི་གནས་ཚུལ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་ཐད་ཀྱི་ཡར་ཞུ་ལ་ཉན།

གྲོས་ཚོགས་སྟེང་སང་ལོའི་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུ་རྒྱུར་འཐད་པ་བྱུང་།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།  །


  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་གི་འགོ་ཁྲིད་བཀོད་འདོམས་སྒྲིག་གཞི་ལེགས་སྒྲིག་བྱེད་རྒྱུའི་ཐག་བཅད།
  • ལེ་ཚན་རྗེས་མ།:ཀན་ལྷོ་ཁུལ་གྱིས་འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་རྒྱུགས་ལེན་ལ་བོད་སྐད་མ་ལག་བཀོལ་འགོ་བརྩམས།
  • དོ་སྣང་ཆེ་བའི་རྩོམ།