ཀན་ལྷོ་ཁུལ་གྱིས་འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་རྒྱུགས་ལེན་ལ་བོད་སྐད་མ་ལག་བཀོལ་འགོ་བརྩམས།

    མི་དམངས་དྲ་བ།    2017-12-29

   ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་འཕྲུལ་སྒུལ་འཁར་ལོའི་ཁ་ལོ་བའི་གཞུང་ལུགས་རྒྱུགས་ལེན་རྒྱུ་དེ་བོད་སྐད་མ་ལག་བཀོལ་འགོ་བརྩམས་པ་རེད།

     འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་གཞུང་ལུགས་རྒྱུགས་ལེན་ཀྱི་བོད་སྐད་མ་ལག་བཀོལ་དོན་ནི་བོད་རིགས་རོང་འབྲོག་མང་ཚོགས་ཀྱིས་ཁ་ལོ་བའི་དཔང་ཡིག་རྒྱུགས་ལེན་པའི་ཁྲོད་གནས་པའི་རྒྱ་ཡིག་མི་ཤེས་པ་དང་རྒྱ་སྐད་མི་གོ་བ། རྒྱུགས་ལེན་པའི་དཀའ་ཁག་ཆེ་བ། རྒྱུགས་འཕྲོད་ཚད་ཉུང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཆེད་དུ་ཞིབ་འཇུག་བྱས་ནས་མར་བཏོན་པ་རེད། མ་ལག་ཆ་ཚང་འདིས་སྔར་ཡོད་ཀྱི་རྒྱུགས་ལེན་མ་ལག་གི་རྨང་གཞིའི་སྟེང་། རྒྱུགས་ལེན་ཡིག་མཛོད་དུ་བོད་རྒྱ་སྐད་གཉིས་ཀྱི་མ་ལག་བཞག་པ་མ་ཟད་ད་རུང་བོད་སྐད་ས་གནས་རང་གི་ཁྱད་ཆོས་དང་མཐུན་པའི་དྲི་ལེན་མ་དཔེ་ནང་འཇུག་བྱས་ཤིང་། གོ་སླ་ཞིང་བསླབ་བདེ་བ། དྲིས་ལན་འདེབས་སླ་བའི་ཁྱད་ཆོས་དང་ལྡན་པ། རི་མོ་དང་སྐད་ཆ་མཉམ་གནས། སྐད་ཆའི་བརྡ་སྤྲད་པ་ཡང་དག་པ། སློབ་སྦྱོང་དང་རྒྱུགས་ལན་ཁྲོད་ལག་བསྟར་སྟབས་བདེ་བ། དྲིས་ལན་འདེབས་བདེ་བ། མ་ལག་མི་གཤིས་ཅན་གྱི་ཇུས་འགོད་འདུ་ཤེས་ཕྱིར་མཚོན་ཡོད།

ཀན་ལྷོ་ཁུལ་གྱིས་འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་རྒྱུགས་ལེན་ལ་བོད་སྐད་མ་ལག་བཀོལ་འགོ་བརྩམས།

     འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་གཞུང་ལུགས་རྒྱུགས་ལེན་བོད་སྐད་མ་ལག་བཀོལ་འགོ་བརྩམས་པ་ནི་ཀན་ལྷོ་ཁུལ་གྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་བྱ་བ་གསར་སྐྲུན་དང་ཀན་སུའུ་ཞིང་ཆེན་གྱིས་མི་རིགས་སྐད་བརྡ་བཀོལ་སྤྱོད་བྱས་ནས་འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་རྒྱུགས་ལེན་བྱ་བ་མེད་པ་ནས་ཡོད་པར་བཏང་། འདིས་ཚད་ཆེས་ཆེ་བའི་སྒོ་ནས་བོད་རིགས་ཁ་ལོ་བའི་དཔང་ཡིག་རྒྱུགས་ལེན་སློབ་མར་སྟབས་བདེ་སྐྲུན་པ་མ་ཟད། རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་སྔར་ལས་ཀྱང་གཞུང་ལམ་འགྲིམ་འགྲུལ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་བདེ་འཇགས་རྒྱུན་ཤེས། དཔལ་ཡོན་ཁ་ལོ་བའི་ཤེས་བྱ་སློབ་སྦྱོང་དང་རྒྱུས་ལོན། ཁོང་དུ་ཆུད་པར་བྱེད་ཐུབ་པ་དང་། འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བས་བཅའ་ཁྲིམས་བརྩི་སྲུང་འདུ་ཤེས་དང་དཔལ་ཡོན་འགྲིམ་འགྲུལ་འདུ་ཤེས་དང་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་ཇེ་དྲག འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་ལས་རིགས་སྤྱོད་ལམ་དང་ཁ་ལོ་བའི་ནུས་རྩལ་མཐོར་འདེགས། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་འགན་སྲུང་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་སྐུལ་འདེད་ནུས་པར་སྐུལ་སྤེལ་བཏང་ཡོད།


  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སང་ལོའི་ཟླ་དང་པོར་བསྡུ་རྒྱུའི་ཐག་བཅད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གི་གནམ་ལོ་གསར་པའི་སྨོན་ཚིག
  • དོ་སྣང་ཆེ་བའི་རྩོམ།