2020ལོར་བསླེབ་དུས་སི་ཁྲོན་གྱི་མི་རིགས་ས་ཁུལ་དུ་གཞུང་ལམ་ཕྱོགས་གཉིས་ནས་ཤར་གཏོང་ཐུབ་པར་བྱ་རྒྱུ།

གངས་སྐྱིད་ཀྱིས་བསྒྱུར།        2017-12-21

ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་བ་ཉེ་ཆར་འབྱོར་བའི་གཏམ་གསར། ཉེ་ཆར། སི་ཁྲོན་ཞིང་ཆེན་གྱིས་ཡིག་ཆ་བཏང་སྟེ་བླང་བྱ་བཏོན་དོན། 2020ལོར་བསླེབ་དུས་རྫོང(གྲོང་ཁྱེར་དང་ཆུས)ཚང་མར་ཉུང་མཐའ་ཡང་རིམ་པ་གསུམ་པ་ཡན་ཆད་ཀྱི་ཕྱིར་འགྲོ་སའི་གཞུང་ལམ་གཉིས་ཡོད་པ་བྱ་རྒྱུ་དང་། གཞི་རྩའི་ཐོག་མི་རིགས་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་ཚང་མར་འོད་སྐུད་དང4Gདྲ་བས་ཁེངས་ཐུབ་པར་བྱ་རྒྱུ་རེད།

བླང་བྱ་བཏོན་པར་གཞིགས་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་སི་ཁྲོན་གྱིས་མི་རིགས་ས་ཁུལ་གྱི་གཞུང་ལམ་གྱི་རྨང་གཞི་སྒྲིག་ཆས་ཇེ་མགྱོགས་སུ་བསྐྲུན་ནས་ཕྱིར་འགྲོ་སའི་གཞུང་ལམ་བསྐྲུན་རྒྱུས་གཙོ་གནད་བྱས་ཏེ་སྔར་ལྷག་གིས་མྱུར་བགྲོད་གཞུང་ལམ་མི་རིགས་ས་ཁུལ་དུ་བསྲིངས་པར་སྐུལ་འདེད་གཏང་རྒྱུ་དང་། མི་རིགས་ས་ཁུལ་གྱི་རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་རིམ་པ་སྤར་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་མི་རིགས་ས་ཁུལ་གྱི་ཤང་དང་གྲོང་རྡལ་ཚང་མར་འགྱིག་སྣུམ་གཞུང་ལམ་ཡོད་པ་དང་། སྒྲིག་གཞི་ཚང་བའི་གྲོང་སྡེ་ཚང་མར་ཨར་འདམ་གཞུང་ལམ་ཡོད་པ་བྱ་རྒྱུ་རེད།

ནུས་ཁུངས་གསར་སྦོལ་དང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་མགྱོགས་པོ་གཏང་རྒྱུའི་ཐད་གཙོ་གནད་དུ་འབྲི་ཆུ་དང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུ། ཉག་ཆུ་བཅས་གཙང་ཆུ་གསུམ་པོའི་འབབ་རྒྱུད་དུ་ཆུ་གློག་ས་ཚུགས་ཆེ་གྲས་འཛུགས་སྐྲུན་བྱ་རྒྱུའི་ལས་ཀ་ཡག་པོ་འཛིན་རྒྱུ། དཀར་མཛེས་ཁུལ་དང་། རྔ་བ་ཁུལ། ལིའང་ཧྲན་ཁུལ་བཅས་ཉི་འོད་ཀྱི་ཐོན་ཁུངས་འབེལ་པའི་ས་ཁུལ་དུ་འོད་ཤུགས་ཀྱིས་དབུལ་སྐྱོར་བྱ་རྒྱུའི་ལས་གཞི་ལག་ལེན་བསྟར་བར་སྐུལ་འདེད་གཏང་རྒྱུ། ཤུགས་ཆེན་པོས་མི་རིགས་ས་ཁུལ་གྱི་གློག་དྲའི་རིམ་པ་སྤར་བ་དང་བཟོ་བཅོས་བྱེད་པར་སྐུལ་འདེད་གཏང་རྒྱུ་རེད།

འཕྲིན་གཏོང་དང་རྒྱང་བསྒྲགས་བརྙན་འཕྲིན་གྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུའི་ཐད་སྟབས་བདེ་སྐུད་མེད་ཀྱི་ལག་རྩལ་སྣ་ཚོགས་སྤྱད་དེ་གཤོང་ཆེ་བའི་དྲ་བ་ཁེབས་ཐུབ་པར་བྱ་རྒྱུ། 2020ལོར་བསླེབ་དུས་གཞི་རྩའི་ཐོག་མི་རིགས་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་ཚང་མར་འོད་སྐུད་དང 4Gཡི་དྲ་བས་ཁེབས་ཐུབ་པར་བྱ་རྒྱུ། ཞིང་ཆེན་དང་གྲོང་ཁྱེར(ཁུལ)རྫོང(གྲོང་ཁྱེར་དང་ཆུས)། ཤང(གྲོང་རྡལ་དང་ཁྲོམ་ལམ)། གྲོང་ཚོ(འདུས་སྡེ)བཅས་རིམ་པ་ལྔར་རྒྱང་བསྒྲགག་དང་འཕྲིན་བརྙན་གྱི་སྒྲིག་ཆས་དྲ་བ་ཁྱོན་ཡོངས་ནས་ཁེབས་པ་དང་འཕྲིན་སྦྲེལ་དྲ་བ་ཕན་ཚུལ་གཏོང་ཐུབ་པར་བྱ་རྒྱུ་བཅས་རེད།།

(གངས་སྐྱིད་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་དམངས་གཙོའི་ཁྲིམས་འཛུགས་ལ་སྐུལ་འདེད་བཏང་སྟེ་མི་དམངས་ཀྱི་འདོད་བློ་མཚོན་ཡོད།
  • ལེ་ཚན་རྗེས་མ།:ཞིང་སྡེ་ཡུལ་མིའི་འཚོ་བའི་ཆུ་ཚད་ལེགས་བཅོས་མངོན་གསལ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།