གངས་སྐྱིད་ཀྱིས་བསྒྱུར། 2017-12-20
ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གཏམ་གསར། ཉེ་ཆར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་མཚོ་སྔོན་གྱིས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟན་ཞབས་འདེགས་ལྟེ་གནས་སུ་རྒྱ་བོད་སྨན་ཁང་ཡོངས་སུ་ཁྱབ་པ་བྱ་རྒྱུ་རེད།
2009ལོར་སྨན་བཅོས་བཅོས་བསྒྱུར་བྱས་པ་ནས་བཟུང་། མཚོ་སྔོན་གྱིས་ས་གནས་ཀྱི་དོན་དངོས་གནས་ལ་གཞིགས་ནས་རྒྱ་བོད་སྨན་གྱི་ཞབས་འདེགས་དེ་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་སྨན་བཅོས་ཉེན་འགོག་མ་ལག་ནང་བཞག་པར་མ་ཟད། མི་རིགས་སྨན་རྫས་ཀྱི་མཉམ་ལས་ཁང་འཛུགས་འགོ་བཙུགས་ནས་རྒྱ་བོད་སྨན་གྱི་ཞབས་འདེགས་དྲ་བ་འཐུས་སྒོ་ཚང་དུ་བཏང་བར་བརྟེན། རྒྱ་བོད་སྨན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གཞི་རིམ་མང་ཚོགས་ལ་ཞབས་འདེབས་ཞུ་བར་སྐུལ་སྤེལ་བཏང་བ་རེད།
རྨང་གཞི་དེའི་ཐོག 2013ལོ་ནས་བཟུང་ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཏེ་རྒྱ་བོད་སྨན་ཁང་གི་ལས་གཞི་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱས་པར་བརྟེན། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་འདེགས་ལྟེ་གནས་སུ་རྒྱ་བོད་སྨན་གྱི་ནད་བརྟག་ཁང་། སྨན་བཅོས་ཁང་། རྒྱ་བོད་སྨན་རྫས་ཀྱི་སྨན་སྦྱོར་ཁང་། སྨན་སྐོལ་ཁང་སོགས་རྒྱ་བོད་སྨན་གྱི་ཚན་ཁག་གཅིག་བསྡུས་ཀྱིས་སྒྲིག་སྦྱོར་བྱས་པར་བརྒྱུད། སྨན་བཅོས་བྱེད་པའི་གོ་རིམ་དེ་བས་ཆེད་ལས་ཅན་གྱི་ཚད་གཞི་དང་མཐུན་པ་དང་། སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་དམིགས་སུ་ཐོན་པ། ནད་པར་ཐུགས་ཁུར་བྱ་རྒྱུར་དོ་སྣང་བྱས་མཐར། རྒྱ་བོད་སྨན་ཁང་གི་རིག་གནས་ཀྱི་རྣམ་པ་ཤུགས་ཆེ་ཆགས་པ་རེད།
མིག་སྔའི་བར། མཚོ་སྔོན་གྱིས་རིམ་རྩིས་བྱས་ན་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི5128དོན་འཁྱོལ་བྱས་ཏེ་ཆ་རྐྱེན་འཛོམས་པའི་ས་ཁུལ་ལ་རྒྱ་བོད་སྨན་ཁང400འཛུགས་རྒྱུའི་བཀོད་སྒྲིག་བྱས་ནས་འཛུགས་སྐྲུན་གྱི་ཁེབས་ཚད་བརྒྱ་ཆ92ལ་ཟིན་པ་རེད། དེའི་ནང་རྒྱ་བོད་སྨན་ཁང232བསྐྲུན་པ་དང་འཛུགས་སྐྲུན་བྱེད་བཞིན་པའི་རྒྱ་བོད་སྨན་སྨན་ཁང168ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10