ཞིང་པ་ཚོས་གྲལ་སྒྲིག་མི་དགོས་ལ་ལས་བྱེད་པ་ཡང་རྒྱུག་མི་དགོས་པའི་དམངས་ཕན་ལས་གཞི།

ཡེ་ཤེས་ཀྱིས་བསྒྱུར།        2017-12-20

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར། 2015ལོའི་ལོ་མཇུག་ཏུ་བོད་ལྗོངས་གམ་པ་རྫོང་གིས་ཁ་གསབ་མ་དངུལ་དེ་དངུལ་ཁང་བྱང་བུ་སྤྱད་དེ་གཏོང་སྤྲོད་བྱེད་པའི་ཚོད་ལྟའི་ལས་ཀ་སྤེལ་ནས་རིམ་བཞིན་དུ་ཞིང་ཕན་གྱི་ཁ་གསབ་མ་དངུལ་འབོར་ཆེན་གཏོང་སྤྲོད་དང་ལེན་པའི་དཀའ་གནད་སེལ་བ་རེད།

ཀྲུང་གོའི་མི་དམངས་དངུལ་ཁང་གི་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཡན་ལག་དངུལ་ཁང་གི་འགོ་འཛིན་ཝེ་ཧྲེང་ཅེས་ཀྱིས་གམ་པ་རྫོང་གིས་ཞིང་འབྲོག་དུད་ཚང2200 ལྷག་གི་རྨང་གཞིའི་ཆ་འཕྲིན་ཕབ་འཇུག་བྱེད་པའི་ལས་ཀ་ལེགས་འགྲུབ་བྱུང་ནས་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ29 ལ་ཁྱབ་ཡོད་པ་རེད། ཚོད་ལྟ་ལས་ཀ་སྤེལ་ནས་ད་བར། གཅིག་གོ་ཀུན་ཆོད་ཀྱི་བྱང་བུ་བརྒྱུད་ནས་ཐད་ཀར་དང་བར་བརྒྱུད་ཀྱིས་གཏོང་སྤྲོད་བྱས་པའི་ཁ་གསབ་མ་དངུལ་དེ་ཆ་སྙོམས་མི་རེར་སྒོར4400ལྷག་ཡོད་པ་རེད། དེ་དང་ཆབས་ཅིག་གཅིག་གོ་ཀུན་ཆོད་ཀྱི་དངུལ་ཁང་བྱང་བུས་དབུལ་སྐྱོར་གནད་སྨིན་ལ་ཕྱོགས་ཡོངས་དང་གྲངས་གཞིའི་འདེགས་སྐྱོར་དངོས་གནས་ཤིག་མཁོ་འདོན་བྱ་ཆོག་པ་རེད་ཅེས་བཤད་པ་རེད།

གམ་པ་རྫོང་གི་རྫོང་དཔོན་བཀྲ་ཤིས་དབང་འདུས་ཀྱིས་སྔོན་ཆད་ཁ་གསབ་མ་དངུལ་ཐེངས་རེ་སྤྲོད་དུས་གཟའ་འཁོར་གཅིག་འགོར་བས་མ་ཚད། ལས་བྱེད་པ་དང་ལས་བཟོ་ཡོད་ཚད་དེའི་ནང་ཞུགས་དགོས་པར་བརྟེན། མི་སེར་ཚོའི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བར་གནོད་བསྐྱལ་བ་རེད། ད་ལྟ་གཞན་གྱི་ལག་བརྒྱུད་བྱ་མི་དགོས་པར་ལས་སྒྲུབ་མི་སྣ་དང་མ་དངུལ་ཕྱོགས་གཉིས་ཀ་ཉེན་མེད་ཡོང་བར་འགན་སྲུང་བྱས་ཏེ་མ་དངུལ་བཟུང་སྤྱོད་དང་གཞན་སྤྱོད་ཀྱི་མངོན་མེད་རྐྱེན་ངན་མེད་པ་བཟོ་ཐུབ་པ་རེད། ད་ལྟ་རྒྱལ་ཁབ་ཀྱིས་སྤྲད་པའི་ཁ་གསབ་མ་དངུལ་ནི་ཞིང་འབྲོག་མང་ཚོགས་ཀྱིས་ལེན་བདེ་བ་དང་། གསལ་པོ་ཡིན་པ། དུས་ནམ་ཡང་ལེན་ནས་སྤྱོད་ཐུབ་པས་དངོས་གནས་སྟབས་བདེ་པོ་འདུག་ཅེས་བཤད་པ་རེད།

གསར་འགོད་པས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གཅིག་གོ་ཀུན་ཆོད་ཀྱི་དངུལ་ཁང་གི་བྱང་བུ་སྤྱད་དེ་ཞིང་ཕན་གྱི་ཁ་གསབ་མ་དངུལ་ཐད་ཀར་གཏོང་སྤྲོད་བྱས་སྟབས། ཞིང་ཕན་གྱི་ཁ་གསབ་མ་དངུལ་དུས་ཐོག་ཏུ་ཞིང་འབྲོག་པའི་ཐོ་དེབ་ཏུ་འབྱོར་ཐུབ་པ་དང་། ཞིང་འབྲོག་པས་དངུལ་ལེན་པ་དང་རྩིས་སྤོ་བྱེད་དུས་གྲོང་ཚོ་ཕྱིར་འགྲོ་མི་དགོས་པ། གྲོང་མིས་དངུལ་ལེན་དུས་གྲལ་སྒྲིག་མི་དགོས་པས། རྫོང་དང་ཤང་གྲོང་ཚོ་བཅས་རིམ་པ་གསུམ་གྱི་ལས་བྱེད་པའི་ལས་སྒྲུབ་བྱེད་ཚད་ཡང་ཇེ་ཡང་དུ་བཏང་བ་རེད།།


  • ལེ་ཚན་སྔོན་མ།:ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་བརྒྱ་ཆ8.4འཕར་བ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་གྱིས་གཞི་རིམ་སྨན་བཅོས་ལས་ཁུངས་སུ་རྒྱ་བོད་སྨན་ཁང་ཡོངས་སུ་ཁྱབ་པར་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།