ཝང་ཆི་ཧྲན་པེ་ཅིན་འཐུས་ཚབ་ཚོགས་པའི་ཞིབ་བཤེར་གྲོས་མོལ་ལ་ཞུགས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2015-03-07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་ཚེས་ལྔ་ཉིན་གྱི་ཕྱི་དྲོར།པེ་ཅིན་འཐུས་ཚབ་ཚོགས་པའི་ཞིབ་བཤེར་གྲོས་མོལ་ལ་ཞུགས། ཁོས་ནན་གྱིས་བསྟན་དོན།ཁྱོན་ཡོངས་བཞིའི་ཐབས་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས་ན།ངེས་པར་དུ་ཁྱོན་ཡོངས་ནས་ཏང་གིས་ཏང་ལ་བཅོས་སྐྱོང་ནན་མོ་བྱེད་པ་དང་།ཁྲིམས་ལྟར་ཏང་བཅོས་སྐྱོང་བྱེད་དགོས་པ་ལས་གཞན།ད་དུང་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ཆོས་ཉིད་ལ་གཟབ་ནན་ངང་བརྩི་སྲུང་བྱས་པ་བརྒྱུད།སྒྲིག་ཁྲིམས་ནན་མོ་དང་སྒྲིག་ཁྲིམས་བྱ་བ་ཚུགས་ཐུབ་པར་བྱེད་པ།སྒྲིག་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་ལ་འབད་རྒྱུ་ནི་གལ་འགངས་ཆེ་ཤོས་ཡིན་ཟེར།ཝང་ཆི་ཧྲན་གྱིས་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་ལ།བློ་མཐུན་ཞི་ཅེན་ཕིན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་མཐུན་སྒྲིལ་གོང་བུ་གཅིག་ལ་འདྲིལ་ནས་ཏང་ཡོངས་དང་རྒྱལ་ཡོས་ཀྱི་མི་རིགས་སོ་སོའི་མི་དམངས་ཀུན་ལ་སྣེ་ཁྲིད་བྱས་ཏེ།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ།ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བཅས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་བཟང་བོ་བྱས་མཐར།དཔལ་འབྱོར་དང་སྤྱི་ཚོགས་བརྟན་འཇགས་ངང་འཕེལ་བའི་དམིགས་འབེན་མངོན་འགྱུར་བྱུང་།དེ་བས།ང་རང་ངོས་ནས་ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་འཐད་པའི་ཞོར་དུ་བསྟོད་པའི་མཐེ་བོང་སྒྲེང་བཞིན་འདུག་ཟེར།དཔལ་འབྱོར་འཕེལ་རྒྱས་ངེས་ཅན་བྱུང་བ་ན།འཕེལ་རྒྱས་ཀྱི་བྱ་བ་ཅིས་ཀྱང་དཔལ་འབྱོར་གྱི་རྒྱུན་རྣམ་གསར་བའི་ཁྲོད་ཞུགས་ངེས་པ་ནི་ཆོས་ཉིད་ཅིག་ཡིན་ཟེར།

ཝང་ཆི་ཧྲན་གྱིས་བསྟན་དོན།ཁྱོན་ཡོངས་བཞིའི་བྱེ་བྲག་གི་དོན་བྱ་སོ་སོའི་བར་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་ལ་ཕན་ཚུན་སྐུལ་འདེད་ཡར་རྒྱས་གཏོང་གིན་ཡོད་པས། དེས་ང་ཚོ་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་བའི་ཆོས་ཉིད་ལ་ངོས་ཟིན་ཡང་དག་སྐྱེས་ཡོད་པ་མངོན་པར་མཚོན་ཡོད་པ་མ་ཟད། ད་དུང་ཁྱོན་ཡོངས་ནས་ཏང་གིས་ཏང་ལ་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་བདེ་ལེགས་ངང་གོང་ནས་གོང་དུ་འཕེལ་བཞིན་པའི་འགན་ལེན་གལ་ཆེན་ཡང་ཡིན། ཁྲིམས་ལྟར་ཏང་སྐྱོང་བྱེད་དགོས་ན་ཐོག་མར་ཏང་གི་སྒྲིག་སྲོལ་འཐུས་ཤོར་མེད་པའི་ངང་དམ་པོར་འཛིན་དགོས་ལ།མགོ་ཁྲིད་ལས་བྱེད་པའི་དབང་ཤུགས་དེ་ལམ་ལུགས་ཀྱི་སྒྲོག་ཏུ་འཇུག་ཐུབ་དགོས།དེ་བས།སྒྲིག་ཁྲིམས་ནི་ཏང་གིས་ཏང་ལ་བཅོས་སྐྱོང་ནན་མོ་བྱེད་པའི་ཚད་གཞི་ཡང་དག་དེ་ཡིན་ལ།སྒྲིག་ཁྲིམས་འཛུགས་སྐྲུན་གྱི་བྱ་བ་ནི་རྩ་བའི་ནང་གི་རྩ་བ་ཡིན་ཟེར།   

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་སློབ་གསོའི་དམངས་ཕན་སྲིད་ཇུས་ལས་དགེ་སློབ་མི་ཐེངས་ཁྲི152ལྷག་ལ་ཕན་ཐོགས་པ།
  • ལེ་ཚན་རྗེས་མ།:མི་རིགས་ས་ཁུལ་ནས་ཕེབས་པའི་འཐུས་མི་དང་ཨུ་ཡོན་གྱིས་ནུབ་རྒྱུད་ས་ཁུལ་གྱི་ལས་རིགས་སློབ་གསོའི་དགེ་རྒན་མི་འདང་བའི་གནད་དོན་ཐག་གཅོད་བྱེད་དགོས་པའི་བསམ་འཆར་བཏོན་པ།
  • དོ་སྣང་ཆེ་བའི་རྩོམ།