ད་ལོར་བོད་ལྗོངས་ཀྱིས་འགན་སྲུང་སྡོད་ཁང་ཁྲི6ལྷག་འཛུགས་སྐྲུན་བྱེད་རྩིས་ཡོད།

    ཀྲུང་གོ་བོད་ཀྱི་དྲ་བ།    2015-03-07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་བྱ་བའི་ཚོགས་འདུ་ལས་རྒྱུས་ལོན་བྱུང་བ་ལྟར་ན།བོད་ལྗོངས་ཀྱིས་ད་ལོར་མུ་མཐུད་དུ་འགན་སྲུང་སྡོད་ཁང་གི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་བྱེད་རྒྱུ་ཡིན་ཞིང་།2015ལོར་འགན་སྲུང་སྡོད་ཁང་ཁྲི6.58འཛུགས་སྐྲུན་བྱེད་རྩིས་ཡོད་ཅིང་། དེའི་ནང་མཁར་གྲོང་གི་ལས་བྱེད་པ་དང་ལས་བཟོ་བའི་འཁོར་རྒྱུག་སྡོད་ཁང་ཁྲི3.2འཛུགས་སྐྲུན་བྱེད་རྒྱུ་རེད།བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིན་གྱི་ཐིན་ཀྲང་ཁྲིན་ཅིན་གྱིས་བཤད་རྒྱུར།མཁར་གྲོང་གི་ལས་བྱེད་པ་དང་ལས་བཟོ་བའི་འཁོར་རྒྱུག་སྡོད་ཁང་ནི་ད་ལོའི་འཛུགས་སྐྲུན་བྱ་བའི་གཙོ་གནད་ཡིན་ཞིང་།རྣམ་གྲངས་ཐད་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར52ལ་སླེབས་ཡོད་དེ།བཟོ་སྐྲུན་གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི160ཟིན།ལས་གཞི་དེ་བོད་ལྗོངས་ཀྱི་མཁར་གྲོང་ཡོངས་རྫོགས་ལ་ཁྱབ་ཡོད་དེ།དེ་ལས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བར་ཐུགས་ཁུར་ཟབ་མོ་བྱེད་བཞིན་ཡོད་པ་མཚོན་ཐུབ་ལ།ལས་གཞི་དེ་ད་ལོའི་ཟླ་གསུམ་པར་འཛུགས་སྐྲུན་བྱེད་འགོ་བརྩམ་རྒྱུ་ཡིན་ཟེར།རྒྱུས་ལོན་ལྟར་ན།ད་ལོའི་འགན་སྲུང་སྡོད་ཁང་གི་འཛུགས་སྐྲུན་འཆར་གཞིའི་ཁྲོད།མཁར་གྲོང་གི་ལས་བྱེད་པ་དང་ལས་བཟོ་བའི་འཁོར་རྒྱུག་སྡོད་ཁང་ལས་གཞན་ད་རུང་སྤྱི་བའི་གླ་ཁང་ཁྲི1.1གསར་བསྐྲུན་བྱ་རྒྱུ་དང་།འཁོར་རྒྱུག་སྡོད་ཁང་ཁྲི0.8ཞིག་གསོ་དང་བསྒྱུར་བཀོད་བྱ་རྒྱུ།མཁར་གྲོང་གི་སྤྱིལ་ཁྱིམ་ཁུལ་ཁྲི1.2བསྒྱུར་བཀོད་བྱ་རྒྱུ་བཅས་འདུས་ཡོད་པ་རེད།ངོ་སྤྲོད་ལྟར་ན།2014ལོར་བོད་ལྗོངས་ཀྱིས་དོན་དངོས་སུ་འགན་སྲུང་སྡོད་ཁང་ཁྲི7.2འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་བྱས་ཡོད་ཅིང་།དེའི་ཁྲོད་གཙོ་གནད་ལས་གཞི་མང་ཆེ་བ་ལེགས་འགྲུབ་བྱུང་ཞིང་།མི་ཁྲི10ཙམ་གྱི་སྡོད་ཁང་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་།དེ་མིན་མཁར་གྲོང་གི་ཡོང་སྒོ་དམའ་ཞིང་སྡོད་ཁང་གི་དཀའ་ངལ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ཁྲི1ལྷག་ལ་སྡོད་ཁང་ཁ་གསབ་རོགས་དངུལ་སྒོར་ཁྲི4750རྩིས་སྤྲོད་བྱས་ཏེ། སྡོད་ཁང་དཀའ་བའི་གནད་དོན་ཐག་གཅོད་བྱས།སྡོད་ཁང་གི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཆེད།བོད་ལྗོངས་ཀྱིས2006ལོ་ནས་བཟུང་འགན་སྲུང་སྡོད་ཁང་གི་འཛུགས་སྐྲུན་བྱ་བ་སྤེལ་འགོ་བརྩམས་ཤིང་།ཉེ་བའི་ལོ་འགའི་རིང་ལ་འགན་སྲུང་སྡོད་ཁང་གི་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཚད་བསྟུད་མར་ཇེ་མང་དུ་བཏང་།དེ་མིན་བོད་ལྗོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར280བཏང་སྟེ་འཛུགས་སྐྲུན་བྱས་པའི་རོང་འབྲོག་པའི་བདེ་སྡོད་ལས་གཞི2013ལོར་ལེགས་འགྲུབ་བྱུང་ཞིང་།རོང་འབྲོག་པ་མི་ཁྲི230ལྷག་བདེ་འཇགས་ཡིན་ཞིང་བག་ཕེབས་པའི་སྡོད་ཁང་གསར་བ་དུ་འདུག་ཐུབ་པ་བྱུང་བ་རེད།  །

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་ནས་ཚོགས་མགོ་བརྩམས།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་སློབ་གསོའི་དམངས་ཕན་སྲིད་ཇུས་ལས་དགེ་སློབ་མི་ཐེངས་ཁྲི152ལྷག་ལ་ཕན་ཐོགས་པ།
  • དོ་སྣང་ཆེ་བའི་རྩོམ།