རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་ནས་ཚོགས་མགོ་བརྩམས།

        2015-03-07

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་ནས་ཚོགས་མགོ་བརྩམས།
ཟླ་གསུམ་པའི་ཚེས་ལྔ་ཉིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཚོགས་ཆེན་ལ་ཞུགས།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་ནས་ཚོགས་མགོ་བརྩམས།

ཟླ་གསུམ་པའི་ཚེས་ལྔ་ཉིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་ཚེས་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལིས་ཅན་གོ་དང་ཝང་ཧྲིན་ཅོན། ཁྲིན་ཁྲང་ཀྲི། ཡན་ཅོན་ཆི། ཝང་ཁྲིན། ཧྲིན་ཡའོ་ཡའོ། ཅི་པེན་ཞོན། ཀྲང་ཕེན། བྱམས་པ་ཕུན་ཚོགས། ཨེ་ལིས་ཀིན་དབྱི་མེན་པ་ཧེ། ཝན་ཨི་ཞང་། ཀྲང་པོ་ཝུན། ཁྲིན་ཀྲུའུ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། དེ་མིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་རེ་བཞི་ཞུགས་དགོས་པ་དང་། ཉིན་དེའི་གྲོས་ཚོགས་ལ་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་དང་བདུན་ཞུགས་པས། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།
ཉིན་དེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་ཀྲང་ཏི་ཅང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་མཛད།
གྲོས་ཚོགས་ཀྱི་གྲོས་རིམ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་ལ་ཁག་དྲུག་ཏུ་བགོས་ཡོད། གཅིག ཉིས་སྟོང་བཅུ་བཞི་ལོའི་བྱ་བར་ཕྱིར་དྲན་བྱེད་པ། གཉིས། ཉིས་སྟོང་བཅོ་ལྔ་ལོའི་བྱ་བའི་སྤྱིའི་བཀོད་སྒྲིག གསུམ། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། བཞི། དཔལ་འབྱོར་བརྟན་འཇགས་ངང་འཕར་བ་དང་གྲུབ་ཚུལ་ལེགས་སྒྱུར་བྱེད་པར་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ། ལྔ། དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ། དྲུག སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ་བཅས་རེད།
ལིས་ཁི་ཆང་གིས་གསུངས་རྒྱུར།འདས་པའི་ལོ་གཅིག་གི་ནང་དུ་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་དཀའ་ཁག་ཁྱད་བསལ་བྱས་ཏེ།ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་ཡོངས་འགྲུབ་བྱས་ཤིང་། ཁྱོན་ཡོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་མངོན་འགྱུར་བྱེད་པར་མགོ་བཟང་བོ་ཞིག་ཚུགས་པ་དང་།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་མགོ་ཚུགས་པའི་བརྒྱུད་རིམ་གསར་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཞིང་།ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བླངས་པ་དང་།འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ནས་འཕེལ་རྒྱས་ངེས་ཅན་བྱུང་ཟེར།ལིས་ཁི་ཆང་གིས་ཆེ་ཕྱོགས་ནས་སྙོམས་སྒྲིག་དང་ཚོད་འཛིན་བྱེད་པའི་བསམ་ཕྱོགས་དང་རྣམ་པ་མུ་མཐུད་དུ་གསར་སྐྲུན་བྱས་ཏེ། བར་མཚམས་ཀྱི་སྙོམས་སྒྲིག་དང་ཚོད་འཛིན་གྱི་རྨང་གཞིའི་སྟེང་ཁ་ཕྱོགས་གཏན་ཁེལ་ལྟར་སྙོམས་སྒྲིག་དང་ཚོད་འཛིན་བྱས་ནས་དཔལ་འབྱོར་བརྟན་འཇགས་སྒོས་འཕར་བར་སྲུང་འཛིན་བྱེད་དགོས་པ་དང་།བཅོས་སྒྱུར་ཟབ་སྤེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་ཆེར་གཏོང་བ།གྲུབ་ཚུལ་ལེགས་སྒྲིག་ཤུགས་ཚད་ཇེ་ཆེར་བཏང་ནས་འཕེལ་རྒྱས་ཀྱི་རྗེས་ཤུགས་ཇེ་དྲག་ཏུ་གཏོང་བ།དམངས་འཚོ་འགན་སྲུང་དྲ་རྒྱ་ཇེ་ཆེར་བཏང་ནས་མི་དམངས་བདེ་སྐྱིད་ཡོང་བར་འགན་སྲུང་བྱེད་པ།སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་ནས་འཆམ་མཐུན་བརྟན་འཇགས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་ནས་འདས་པའི་ལོ་གཅིག་གི་བྱ་བར་ཕྱིར་དྲན་བྱས།ལིས་ཁི་ཆང་གིས་གསུངས་རྒྱུར། ང་ཚོས་གྲུབ་འབྲས་མཐོང་དགོས་པ་དང་མདུན་སྐྱོད་ཁྲོད་ཀྱི་དཀའ་ཁག་དང་འགྲན་རྩོད་དེ་བས་ཀྱང་མཐོང་དགོས།བདེ་འཇགས་ཡིན་ཚེ་ཉེན་ཁ་མི་བརྗེད་པ་དང་བཅོས་སྐྱོང་བྱེད་སྐབས་རྙོག་དྲ་མི་བཟོ་ལ།འགན་འཁྲི་དང་ལེན་བྱེད་ཕོད་པ་དང་ལོ་རྒྱུས་ཀྱི་འགན་འཁྲི་དང་མི་དམངས་ཀྱི་མངག་བཅོལ་སྟོང་ཟད་དུ་གཏོང་མི་རུང་ཟེར།ལིས་ཁི་ཆང་གིས་བཤད་རྒྱུར། 2015ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔོག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་གྲངས་བརྒྱ་ཆའི་བདུན་ཡས་མས་འཕར་བ་དང་།སྡོད་དམངས་འཛད་སྤྱོད་རིན་གོང་བརྒྱ་ཆའི་གསུམ་ཡས་མས་འཕར་བ།གྲོང་གསེབ་ཀྱི་གསར་སྣོན་ལས་ཞུགས་མི་གྲངས་བྱེ་བ་གཅིག་ཡན་ལ་སླེབས་པ།གྲོང་གསེབ་ཀྱི་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་ལྔ་ཙམ་ཡིན་པ།ནང་འདྲེན་ཕྱིར་གཏོང་གི་ཚད་བརྒྱ་ཆའི་དྲུག་ཡས་མས་འཕར་བ།རྒྱལ་སྤྱིའི་ཡོང་སྒོ་དང་འགྲོ་གྲོན་ཕལ་ཆེར་དོ་སྙོམ་པ།སྡོད་དམངས་ཡོང་སྒོ་ཁ་སྣོན་དང་དཔལ་འབྱོར་འཕེལ་རྒྱས་གཉིས་དུས་མཉམ་ཡིན་པ།ནུས་ཚད་ཟད་གྲོན་བྱེད་ཚད་བརྒྱ་ཆའི་གསུམ་ལྷག་གི་ཇེ་ཉུང་དུ་གཏོང་བ་དང་།བཙོག་ཆུ་འདོན་ཚད་མུ་མཐུད་ནས་ཇེ་ཉུང་དུ་གཏོང་བ་བཅས་རེད།
ལིས་ཁི་ཆང་གིས2015ལོའི་སྲིད་གཞུང་བྱ་བ་བཟང་བོ་བསྒྲུབ་སྐབས་དམ་འཛིན་བྱེད་དགོས་པ་གསུམ་ཐད་ཀྱི་སྙན་ཞུ་ཕུལ་བ་སྟེ། གཅིག ཆེ་ཕྱོགས་དཔལ་འབྱོར་སྲིད་ཇུས་གཏན་འཇགས་དང་འཐུས་ཚང་དུ་གཏོང་དགོས། གཉིས། གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་གཉིས་བར་གྱི་དོ་སྙོམ་རྒྱུན་འཁྱོངས་བྱེད་དགོས།གསུམ།དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་སྒུལ་ཤུགས་གསར་བ་སྐྱེད་བསྲིང་བྱེད་དགོས། ལིས་ཁི་ཆང་གིས་བསྟན་དོན། 2015ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་མཇུག་སྒྲིལ་བའི་ལོ་ཡིན་པས།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་ཡོངས་འགྲུབ་བྱེད་པ་དང་མཉམ་དུ།བཅོས་བསྒྱུར་གྱི་སྙིང་སྟོབས་དང་གསར་སྐྲུན་གྱི་འདུ་ཤེས།ཚན་རིག་གི་བྱེད་ཐབས་སྤྱད་དེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་སྒྲིག་བཟོ་བྱ་བ་བཟང་བོར་བསྒྲུབ་ནས།མ་འོངས་བའི་ལོ་ལྔའི་འཕེལ་རྒྱས་འཆར་གཞིར་འཆར་འགོད་བཟང་བོ་བྱེད་དགོས་ཟེར།ལིས་ཁི་ཆང་གིས་བཤད་རྒྱུར། བཅོས་བསྒྱུར་སྒོ་འབྱེད་ནི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་རྒྱལ་ཁ་ལོན་ཐུབ་པའི་ཐབས་མཆོག་ཡིན་པས། ངེས་པར་དུ་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་གཙོར་བཟུང་ནས། བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་དང་།གཅིག་གྱུར་འཆར་འགོད་དང་ཕན་ཚུན་ལྟ་རྟོགབདེན་འཛིན་དངོས་གཉེར་བྱས་ཏེ།བཅོས་བསྒྱུར་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་དང་།འཕེལ་རྒྱས་ཀྱི་འགུལ་ནུས་གསར་བ་ཁ་སྣོན་བྱེད་དགོས།ངེས་པར་དུ་སྐོར་ཐེངས་གསར་བའི་ཆུ་ཚད་མཐོནཔའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱེད་པ་དང་།མགྱོགས་མྱུར་སྒོས་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་སྒྲིག་གཞི་གསར་བ་བཙུགས་ནས།སྒོ་འབྱེད་ཀྱི་རང་འགུལ་གྱིས་འཕེལ་རྒྱས་ཐད་ཀྱི་རང་འགུལ་དང་རྒྱལ་སྤྱིའི་འགྲན་རྩོད་ཐད་ཀྱི་རང་འགུལ་བརྩོན་ལེན་བྱེད་དགོས་ཟེར།
ལིས་ཁི་ཆང་གིས་གསུངས་རྒྱུར། གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་གཉིས་བར་ཕན་ཚུན་གཞོགས་འདེགས་ཀྱི་འབྲེལ་བ་ཡིན་པས། ང་ཚོས་སྟོབས་ཤུགས་ཡོད་རྒུས་དཔལ་འབྱོར་འོས་མཐུན་གྱི་བར་མཚམས་ནས་འཁོར་སྐྱོད་བྱེད་པར་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། ཧུར་ཐག་གིས་དཔལ་འབྱོར་གྱི་རྣམ་པ་བསྒྱུར་བ་དང་རིམ་པ་སྤོར་བ་དང་། བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་དགོས། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དམིགས་ཡུལ་དུ་བྱས་ནས། མགྱོགས་མྱུར་སྒོས་སྤྱི་ཚོགས་ལས་དོན་གོང་འཕེལ་དུ་གཏོང་བ་དང་། ཡོང་སྒོ་བགོ་བཤའ་ལམ་ལུགས་ལ་བཅོས་བསྒྱུར་བྱེད་པ་དང་འཐུས་ཚང་དུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་སྡོད་དམངས་ཀྱི་ཡོང་སྒོ་ཁ་སྣོན་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་དང་འཆམ་མཐུན་ཡར་ཐོན་ལ་ཡར་སྐུལ་བྱེད་དགོས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། མགྱོགས་མྱུར་སྒོས་ཁྲིམས་སྐྱོང་སྲིད་གཞུང་དང་གསར་སྐྲུན་སྲིད་གཞུང་། དྭངས་གཙང་སྲིད་གཞུང་། ཞབས་ཞུ་རང་བཞིན་གྱི་སྲིད་གཞུང་འཛུགས་སྐྲུན་བྱས་ནས། སྲིད་གཞུང་གི་ལག་བསྟར་ནུས་པ་དང་ཀུན་གྱི་ཡིད་ཆེས་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བྱེད་དགོས་ཟེར།
ལིས་ཁི་ཆང་གིས་ད་དུང་མི་རིགས་དང་ཆོས་ལུགས། ཕྱིར་སྡོད་རང་མིའི་ལས་དོན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན། ཞང་ཀང་དང་ཨོ་མིན་འཕེལ་རྒྱས་སུ་གཏོང་བ་དང་མཚོ་འགག་འགྲམ་གཉིས་བར་གྱི་འབྲེལ་བ། རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་བཅས་ཀྱི་ཐད་ནས་ཞིབ་མོར་གསུངས།
སྙན་ཞུ་ཕུལ་བའི་གོ་རིམ་ཁྲོད། ལིས་ཁི་ཆང་གིས་གསུངས་རྒྱུར། དེ་རིང་རྒྱ་ལོ་བཅོ་ལྔ་ཡིན་པས། ངས་འདི་ནས་འཐུས་མི་ཚོ་དང་ཨུ་ཡོན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་ཡིན་ལ། རྒྱལ་ཡོངས་མི་དམངས་ཀྱི་འཚོ་བ་བདེ་སྐྱིན་ལྡན་པའི་སྨོན་འདུན་ཞུས་ཟེར། 
 གྲོས་ཚོགས་ཀྱི་གྲོས་རིམ་ལྟར་ན། ཚོགས་ཆེན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ལག་བསྟར་གནས་ཚུལ་དང་། 2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་འཆར་ཟིན་སྙན་ཞུ་དང2015ལོའི་འཆར་འགོད་འཆར་ཟིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2014ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ། 2015ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་དང2015ལོའི་རྒྱལ་ཡོངས་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས།
ཀྲུའུ་ཞི་སྟེགས་བུ་སྟེང་ད་དུང་མཱ་ཁེ། ཝང་ཧུའུ་ཉིན། ལིག་ཡན་ཏུང་། ལིག་ཆི་པའོ། ཞུས་ཆི་ལིང་། སུང་ཁྲོན་ལན། སུང་ཀྲིན་ཚེ། ལིས་ཡོན་ཁྲའོ། ཝང་ཡཱང་། ཀྲང་ཁྲོང་ཞན། ཧྥན་ཁྲང་ལོང་། མིན་ཅན་ཀྲུའུ། ཀྲའོ་ལི་ཅི། ཧུའུ་ཁྲོན་ཧྭ། ལིས་ཀྲན་ཧྲུའུ། ཀའོ་ཅིན་ལུང་། ཧན་ཀྲིན། ཏུའུ་ཆིན་ལིན། ཀྲའོ་ཧོང་ཀྲུའུ། ཡཱང་ཅིན་སོགས་བསྡད་ཡོད།
ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་ཡིན་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲིན་ཨན་གཉིས་གྲོས་ཚོགས་ལ་ཟུར་ཞུགས་བྱས་པ་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་རྣམས་ཚོགས་ཆེན་ལ་ཟུར་ཞུགས་བྱས།  །  
 

  • ལེ་ཚན་སྔོན་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ཕུལ།
  • ལེ་ཚན་རྗེས་མ།:ད་ལོར་བོད་ལྗོངས་ཀྱིས་འགན་སྲུང་སྡོད་ཁང་ཁྲི6ལྷག་འཛུགས་སྐྲུན་བྱེད་རྩིས་ཡོད།
  • དོ་སྣང་ཆེ་བའི་རྩོམ།